འདོད་ཁམས་དབང་ཕྱུག་དཔལ་ལྡན་དམར་ཟོར་རྒྱལ་མོའི་འཕྲིན་སྐུལ་བཞུགས་སོ། །

    སྤེལ་དུས།  2015-12-17 23:06:45     རྩོམ་པ་པོ།   པཎ་ཆེན་དཔལ་ལྡན་ཡེ་ཤེས་    ཀློག་ཐེངས།  
 
༄༅། །བྷྱཽཿ སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དྭངས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་བར་ཆད་ཞི་བར་མཛོད། །
 བྷྱཽཿ སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད། །བྷྱཽཿ སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་བསྒྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་ཆགས། །ཀུན་ཏུ་དབང་མཛད་མ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་དབང་དུ་བསྡུས། །
བྷྱཽཿ སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་འགྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་རྔམས། །ཀུན་ཏུ་དྲག་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་དགྲ་བགེགས་དྲག་པོས་སྒྲོལ། །
བྷྱཽཿ ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཀྱང༌། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ཡི། །འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལ། །བདག་གིས་བསྒྲིམས་ཏེ་རབ་ཏུ་བསྟོད་བགྱིད་ན། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་སྟེ། །ཁྱོད་ལྟར་འགྲོ་བའི་དོན་ལ་བརྩོན་པར་ཤོག །
བྷྱཽཿ རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱིངས་ཕྱུགས་མ། །གདུལ་བྱའི་སྣ་ངོར་ཚངས་སྲས་ལྷ་མོའི་སྐུ། །གནས་གསུམ་ཌ་ཀིའི་གཙོ་མོ་ལྷུན་གྲུབ་མ། །བསྟན་སྲུང་རྒྱ་མཚོའི་དབང་མོ་ཁྱོད་ལ་བསྟོད། །ཞེས་སོགས་བརྗོད། བྷྱོཿ དཔལ་ལྡན་ལྷ་མོ་ཁྱོད་ནི་བདག་གི་མ། །ཁྱོད་ཀྱིས་རྟག་ཏུ་བདག་གི་མ་མཛོད་ཅིག །ཉེས་པ་ཀུན་ལས་ཐུགས་རྗེས་སྐྱོབ་མཛོད་ལ། །འཇིགས་པའི་ཆོ་འཕྲུལ་འདི་དག་ཞི་བར་མཛོད། །དཔལ་ལྡན་ལྷ་མོ་ཁྱོད་ནི་བདག་གི་སྲིང༌། །ཁྱོད་ཀྱིས་རྟག་ཏུ་བདག་གི་སྲིང་མོ་མཛོད། །ལས་ངན་སྡིག་འབྲས་བདུད་ཀྱི་དམག་འདི་རྣམས། །ཞི་བར་མཛོད་ལ་དགྱེས་པའི་འཛུམ་ཞལ་ངོམས། །དཔལ་ལྡན་ལྷ་མོ་ཁྱོད་ནི་བདག་གི་གྲོགས། །ཁྱོད་ཀྱིས་རྟག་ཏུ་བདག་གི་གྲོགས་མོ་མཛོད། །ཉེས་རྣམས་འགྱོད་པས་ཆགས་ཀྱིས་བཟོད་པའི་གོ །རྒྱ་ཆེར་བཞེས་ལ་ཕན་བདེའི་ལམ་བཟང་ཕྱེ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་རྣམས། །སྙིང་ནས་བཤགས་ཀྱིས་མ་ལུས་བྱང་བ་དང༌། །དེང་ནས་བཟུངས་ཏེ་བྱང་ཆུབ་སྙིང་པོའི་བར། །ལམ་བཟང་བསྒྲུབ་པའི་གྲོགས་དང་མགོན་མཛོད་ཅིག །འདི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ། །

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn

བརྒྱུད་འགོད།