དཔའ་བོ་གཡུལ་འཇུག་མའི་འདོན་འགྲིག་དང་དམིགས་རིམ་སྐྱོངས་ཚུལ་བཞུགས་སོ།།

    སྤེལ་དུས།  2015-12-06 13:14:02         ཀློག་ཐེངས།  

           འདིར་འཆི་བའི་དུས་སུ་ངེས་པར་དགོས་པ་དཔའ་བོ་གཡུལ་དུ་འཇུག་པའི་གོ་ཁྲབ་བྱེད་པ་ལྟ་བུ་འཕོ་བ་བསྡུས་པ་ཉམས་སུ་ལེན་ཚུལ་ནི། དང་བོར་སྦྱོར་བ་དང་། དངོས་གཞི་ལས་སྦྱོར་བ་གང་ཡིན་ཀྱང་། རང་གི་མདུན་གྱི་ནམ་མཁར་མདའ་གང་ཙམ་གྱི་ཐད་དུ་རྨྱས་བཏེགས་པའི་རིནའཟ་པོ་ཆེ་ཁྲིའི་སྟེང་དུ་རྒྱལ་བ་འོད་དཔག་མེད་ལ་སྐྱབས་ཡུལ་མ་ལུས་པའི་བསྐོར་བར་བསམ་ལ། ཕྱོགས་བཅུ་དུས་གསུམ་གྱི་ཞེས་པ་ནས་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ནས་ལན་བདུན་ནམ་ཉེར་གཅིག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་Xའཕགས་པའི་དགེ་འདུན་Xཕྱི་མ་བ་གསུམ་ལ་ཡང་གང་མཚམས་རེ་བརྗོད་ཡི་དམ་དཀྱིལ་འཁོར་གྱི་སོགས་སྐབས་དང་བསྟུན། དེ་ནས། སངས་རྒྱས་ཆོས་དང་སོགས་ལན་གསུམ་རྒྱུན་བཤགས་ལན་གསུམ་འདོན་ཀྱང་ཆོག ཚད་མེད་བཞི་ལན་གསུམ་གྱི་མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་གི་སྨིན་མཚམས་ནས་ཐིམ་པས་རྒྱུ་བྱིན་གྱིས་རླབས་པར་བསམ་ལ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་ཞེས་པ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཡན་ཆད་དམ་ཚིག་བསྐྱེད་ཚར་ཐུགས་ཀ་ལས་འོད་འཕྲོས་བདེ་བ་ཅན་ནས་འོད་དཔག་མེད། འཁོར་བཅས་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར་ཞེས་པས་དམ་ཡེ་བསྲེས། གནས་གསུམ་ཡི་གེ་གསུམ་དམིགས་པ་ལ་གསལ་འདེབས་གསུངས། ལྷ་མི་བླ་མ་འདྲེན་པ་འོད་དཔག་མེད་ཞེས་པ་ནས་འགྲོ་ལ་ཕན་བདེ་སྒྲུབ་པའི་རྒྱུ་རུ་བསྔོ་ཞེས་སོགས་ཀྱིས་ཡན་ལག་བདུན་པ་འབུལ། དེ་ནས་མཎྜལ། ས་གཞི་སྤོས་བྱུག་མ་དང་བདག་གཞན་མ་གཉིས་འདོན་པའི་གང་རུང་འདོན་ཀྱང་ཆོག་པར་གསུངས། ཨི་དམ་གུ་རུ་སོགས་འདོན་མི་དགོས། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་Xམཆིའོ། །ཞེས་སོགས་ཉེར་གཅིག་གམ་བདུན་སོགས་བརྗོད། དེ་ནས། དེ་ལྟར་གསོལ་བ་བཏབས་པས་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་ལས་བདུད་བརྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་གྱི་ལུས་གང་། སྡིག་སྒྲིབ་ནད་གདོན་ཐམས་ཅད་སངས་ཀྱིས་དག་ནས་ལུས་ཤེལ་སྒོང་གཡའ་དག་པ་ལྟར་བུར་གྱུར་བར་བསམ་། དེ་ལྟར་རང་གི་ལུས་དྲང་བོར་བསྲངས་པའི་ཅུང་ཟད་སྒལ་ཚིག་ལ་ཉེ་བར་རྩ་དབུ་མ་ཕྱི་སྔོ་ལ་ནང་དམར་བ་ཕྲ་སྦོམ་མདའ་སྨྱུག་ཙམ་མར་སྣེ་ལྟེ་འོག་སོར་བཞི་ཙམ་ལ། ཡར་སྣེ་སྤྱི་གཙུག་གི་ཚངས་བུག་ཏུ་ཐལ་གྱིས་ཟུགས། རིམ་གྱིས་སྟོད་སྦོམ་ལ་སྨད་ཕྲ་བའི་སྙིང་ཁའི་ཐལ་ཙམ་ན་སྨྱུག་ཚིགས་ལྟ་བུའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བ་འོད་འཚེར་ཞིང་འཕུར་ལ་ཁད་འཕུར་ལ་ཁད་པ་ཞིག་ཏུ་གྱུར། ཐེག་ལེ་དེ་ཉིད་དཔེར་ན་མ་མོག་གི་རིལ་བུ་རླུང་སེར་བུ་ཅུང་ཟད་ཙམ་གྱིས་ཀྱང་གནས་གཞན་དུ་འཁྱེར་ལ་ཁང་བ་ཞིག་ཏུ་བསམ་གསུངས། དེ་ནས་།དད་པ་ཤུགས་དྲག་པོ་དང་བཅས། མ་རིག་མུན་པ་སེལ་བའི་ཉིན་མོར་བྱེད་ཞེས་པ་ནས་ཞིང་མཆོག་བདེ་བ་ཅན་དུ་དྲང་དུ་གསོལ། ཞེས་པའི་བར་ལན་གཅིག དེའི་འཇུག་ཏུ་བསླུ་མེད་དཀོན་མཆོག་སོགས་སྦྲེལ་ནས་འདོན་པ་བླ་མའི་ཕྱག་ལན་དང་མཐུན་པ་ཡིན་པས། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་ཞེས་པ་ནས་ཐུགས་རྗེས་དྲོངས་ཞེས་པའི་ལན་གསུམ་གྱི་དངོས་སྐབས་སུ་མགོན་པོ་འོད་དཔག་མེད་ཀྱི་སྐུའི་རྣམས་པ་གསལ་བཏབ། གཉིས་པའི་སྐབས་སུ་མགོན་པོའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་ཞིག་རང་གི་ཚངས་བུག་ཏུ་ཟུག་པར་བསམ། གསུམ་པའི་སྐབས་སུ་སྦུ་གུ་ལམ་ནས་འོད་དམར་བོ་ལྕགས་ཀུ་ལྟ་བུས་རང་སེམས་ཐིག་ལེ་གསལ་བ་ལ་བཏབ་པར་བསམ་ལ། འདི་ལྟར་བརྗོད་པར་བྱ་སྟེ། མགོན་པའི་ཐུགས་ཀ་ནས་འོངས་འོད་ཟེར་གྱིས་ཞེས་པ་ནས། བླ་མའི་ཐུགས་ཁར་འཕངས་ཞེས་ཧིག་དང་བོས་རང་སེམས་ཐིག་ལེ་དེ་ཉིད་མགྲིན་པར་སླེབ། ཧིག་གཉིས་པའི་སྐབས་སུ་ཚངས་བུག་ལ་རག་ཙམ་བྱས་ཏེ། ཀ་ཞེས་རང་གནས་སུ་ཕབ། བསྒྲུབ་བྱ་ལ་སྦྱར་ཚེ། ལྕགས་ཀུས་སེམས་ཉིད་ཐིག་ལེར་གསལ་ལ་བཏབ་ཅེས་བསྒྱུར་རོ།།འདི་ཡི་སྐབས་ཀྱི་དམིགས་རིམ་ནི། འོད་ཀྱི་སྦུ་གུ་ལ་ལམ་གྱི་འདུ་ཤེས། རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། མགོན་པའི་ཐུགས་ཁར་འཕོ་འདོད་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་དང་རང་སེམས་ཐིག་ལེ་ལ་མོས་པ་ཙམ་དང་། ཕྱི་ནས་ནང་དུ་བལྟས་ལྟ་བུ་མ་ཡིན་པར་རང་སེམས་ཐིག་ལེ་ལ་ཞུགས་པ་ལྟ་བུ་དགོས་གསུངས། དེ་ལྟར་ཐུན་རེ་བརྒྱ་རྩའི་ཉེར་གཅིག་གམ་བདུན་སོགས་བྱ། ཉིན་རེ་ལ་ཐུན་གསུམ་མམ་བཞིར་བཅད་ནས་སྐྱོངས་ཀྱང་རུང་འཕོ་བའི་རྟགས་ངེས་ཅན་བྱུང་ནས་ཉིན་རེ་ལ་དྲན་དགོས་ལྟ་བུ་ལན་རེས་ཀྱང་ཆོག་གསུངས། ཐུན་མཐར་བླ་མའི་ཐུགས་ཀ་ནས་འོད་དམར་བོ་ཆད་རྩ་དབུ་མ་ཁོང་སྟོང་མེད་པར་བསམ་ཞིང་། བླ་མ་འོད་དཔག་མེད་ཚེ་དཔག་མེད་དུ་བསྒྱུར་ལ་ཚེ་གཟུངས་རིང་ཐུང་གང་རུང་བཟླ་ཞིང་ཚེ་བསྒྲུབ་བྱ། དེའི་སྐབས་བླ་མ་ཚེ་དཔག་མེད་ཀྱི་ཐུགས་ཁའི་ཧྲཱིཿཡིག་དང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། རང་གི་ཚེ་མི་མི་མིན་སོགས་ཀྱིས་སྐུ་བ་དང་ཡར་བ་དང་། འཐོར་བ་སོགས་ཀྱི་བསྡུས་ཏེ་ཚེ་བུམ་བསྲིམ་པས་བུམ་པ་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་དང་རྩ་ཐམས་ཅད་གང་བར་བསམ་ནས་སྔགས་བཟླ་བ་ཡིན་གསུངས། མཐར་བླ་མ་འོད་དཔག་མེད་འོད་དུ་ཞུ་ནས་ཆ་གཅིག་རང་ལ་ཐིམ་པ་དང་། ཆ་གཅིག་དབུ་མའི་ཡར་སྣེ་བཀག་པར་བསམ་པའི་ཡང་ན་བླ་མ་ཚེ་དཔག་མེད་ཀྱི་སྣང་བ་དང་མ་བྲལ་བར་མ་བསྡུས་ཀྱང་རུང་བར་གསུངས་སོ།།རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་དང་། བར་དོའི་སྣང་བ་ཤར་བར་གྱུར་མ་ཐག་དང་། ཤཱཀྱའི་དབང་བོ་སོགས་བཏོན་ཏེ་སྨོན་ལམ་བཏབ། འཆི་བརྟག་ངེས་པར་བཟློག་མེད་ཞིག་བྱུང་ཚེ་འདས་ལ་སྦྱོར་དུས་རང་སེམས་ཐིག་ལེར་གསལ་བ་ཐུགས་ཁར་འཕངས་པའི་བར་འདྲ་ཧྲིག་གསུམ་བརྗོད་དགོས་པས་ཧིག་དང་བོ་གཉིས་སྔར་དང་འདྲ་ཧིག་གསུམ་པའི་སྐབས་སུ། བླ་མའི་ཐུགས་དང་བསྲེས་ནས་འོད་ཀྱི་སྦུ་གུ་ཡང་ཐུགས་ཁར་ཐིམ་པའི་མོས་པ་བྱ། དེ་ནས་ཕཊ་དྲག་པོ་ཞིག་བརྗོད་པས་འོད་དཔག་མེད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་གཙོ་བོ་ཐིམ། དེའི་ཐུགས་ཁ་ནས་རང་སེམས་རྒྱངས་ཀྱི་ཐོན་ནས་ཞིང་རིན་པོ་ཆེ་རང་བཞིན་ཅན་གྱི་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་འོད་དཔག་མེད་ཀྱི་སྐུའི་འོད་ཟེར་པདྨའི་ཁ་ཕྱེ་བས་བྱང་ཆུབ་སེམས་བློ་གྲོས་ཕུན་སུམ་ཚོགས་ལྡན་པར་གྱུར་པས་འོད་དཔག་མེད་དང་ཉེའི་སྲས་བརྒྱད་ཀྱིས་ཞལ་མཐོང་ཞིང་གསུང་གི་བདུད་རྩིའི་ལ་ལོངས་སྤྱོད་པར་བསམ་མོ།།གཞན་གསོན་པོ་ལ་འཕོ་སོགས་འདོད་དུས་རང་ཞེས་པའི་ཚིག་ཐམས་ཅད་སློབ་མ་ཞེས་བསྒྱུར། གཤིན་པོ་སོགས་ལ་སྦྱར་དུས་ཚེ་འདས་འམ། དམིགས་ཡུལ་ཞེས་བསྒྱུར་བར་གསུངས། འཆི་ལྟས་བརྟག་ནས་ཚེ་སྒྲུབ་དང་། རིམ་འགྲོ་སོགས་ཀྱིས་མ་ཟློག་ན། ལུས་ཀྱི་ཟུངས་མ་ཟད་གོང་ནས་ཉི་མ་བདུན་ཙམ་ནས་རུང་གསུངས། རྗེ་མར་བས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་དབྱེ་ཞེས་གསུངས་པ་ལྟར། ཚངས་བུག་མ་གཏོགས་པའི་བུ་ག་བརྒྱད་ལ་ཧཱུཾ་ཡིག་མགོ་ནང་བསྟན་གྱིས་བཀག་པ་སོགས་མན་ངག་ཤེས་པར་བྱའོ།།རེ་ས་གཞན་ན་མེད་དོ་ཐུགས་རྗེས་དྲོངས། །ཞེས་པའི་འཇུག་ཏུ་རང་གིས་སྦྱངས་པའི་སྐབས་མིན་ན། ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རླབས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །ཐར་བའི་ལམ་སྣ་ཟིནཔར་བྱིན་གྱིས་རློབས།།ཞེས་སྦྱོར། གཞན་ལ་འཕོ་བ་བཏབ་ན། ཟབ་ལམ་འཕོ་བ་ཐེབས་པར་བྱིན་གྱིས་རློབས།།བྱང་ཆུབ་སེམས་མཆོག་ཞེས་པ་བྱང་ཆུབ་ཀྱི་སེམས་ལ་བག་ཆགས་འཇོག་ཆེད་དང་། ཐར་ལམ་སྣ་ཞེས་པ་ནི། སྟོང་ཉིད་ལ་བག་ཆགས་འཇོག་ཆེད་ཡིན་གསུངས། ཅེས་འོད་དཔག་མེད་ལ་བརྟེན་པའི་འཕོ་བའི་འདོན་འགྲིགས་འདི་ནི་རྗེ་བཙུན་དམ་པ་སྨྲ་བའི་དབང་ཕྱུག་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་ཁྲིད་གནང་སྐབས་ཟིན་ཐོ་ཙམ་དུ་བཀོད་པའོ།།

བརྒྱུད་འགོད།