འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བློ་གྲོས་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-29 07:03:00     རྩོམ་པ་པོ།   ཅོ་ནེ་གྲགས་པ་བཤད་སྒྲུབ།    ཀློག་ཐེངས།  

20121226142730575.jpg

༄༅། ། ཀཻ་ལ་ཤ་ཡི་མདངས་འཛིན་གཞོན་ནུའི་སྐུ། །

ཚངས་དབྱངས་སྟོང་གི་རྗེས་འགྲོ་སྙན་པའི་གསུང༌། །

ཟབ་ཡངས་རྒྱ་མཚོའི་གཏིང་མཐའ་མི་མངོན་ཐུགས། །

ལྷ་མཆོག་འཇམ་པའི་དབྱངས་ལ་གུས་པས་འདུད། །

མཁས་མང་བཞེད་སྲོལ་དྲི་མེད་སྐྱེད་ཚལ་ནས། །

གང་གི་སྒྲུབ་ཐབས་ཆུ་སྐྱེས་གསར་པའི་ཕྲེང༌། །

རྣམ་དཔྱོད་སོར་རྩེས་རབ་སྤེལ་དད་ལྡན་གྱི། །

བློ་གྲོས་རྣམ་པར་མཛེས་པའི་རྒྱན་དུ་སྦྱིན། །

               དེ་ལ་འདིར་རྗེ་བཙུན་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་འཆད་པ་ལ་གསུམ། སྔོན་འགྲོ་དངོས་གཞི། རྗེས་ཀྱི་རིམ་པའོ། ། དང་པོ་ནི་ཤ་ཆང་སྒོག་བཙོང་སོགས་སྤངས་ནས་གཙང་སྦྲ་དང་ལྡན་པར་བྱས་ཏེ་སྟན་བདེ་བ་ལ་འདུག་ལ། ཐོག་མར། སྐྱབས་འགྲོ་ནི་སྤྱི་དང་མཐུན་པར་བྱ་བའམ། ཡང་ན་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་པའི་མཇུག་ཏུ། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གསུམ། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་ཟབ་མོ་ལ་འཇུག་པར་བགྱིའོ། ། ཞེས་ལན་གསུམ་བརྗོད། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གྱུར་པར་བསམས་ལ། མཆོད་པ་ཡོད་ན་ཐུན་མོང་དུ་བྱིན་རླབས་བྱས་ཀྱང་རུང༌། རང་གི་ཐུགས་ཀའི་ཨ་དཀར་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་ཅིང༌། རི་བོང་འཛིན་པས་བསྟོད། ། རྒྱས་པར་འདོད་ན། འོག་ནས་འབྱུང་བའི་ཡན་ལག་བདུན་པ་བྱས་ན་ཕུན་སུམ་ཚོགས་པར་འགྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ནས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། ཞེས་པའི་བར་རམ་མཇུག་གི་བར་ལན་གསུམ། བདེ་བ་དང་ལྡན་པར་གྱུར་ཅིག་སོགས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ཡིག་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་འོ་མའི་རྒྱ་མཚོ་དཀར་ཞིང་དྭངས་པ། པདྨོའི་དྲ་བས་ཁེབས་ཤིང་མཐའ་ནེའུ་སེང་གིས་འཁོར་ཡུག་ཏུ་བསྐོར་བ་ལ་པད་ཚལ་གྱིས་ཁྱབ་པ། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་དལ་གྱི་རྒྱུ་ཞིང༌། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ། མཚོའི་དབུས་སུ་བཾ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པ། གེ་སར་དམར་སེར། ལྟེ་བ་ལྗང་སེར་དུ་མཐོ་བའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བསིལ་ཟེར་ཕྱོགས་བཅུར་འཕྲོ་བ། དེའི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་སྟོན་ཀའི་ཟླ་བའི་མདངས་ལྟར་དཀར་ཞིང་དྲི་མ་མེད་པའི་ཆུ་ཤེལ་གྱི་ཕུང་པོ་བཞིན་དུ་གསལ་ཞིང་དྭངས་པ། མཚན་དཔེའི་སྤྲས་ཤིང༌། གཞོན་ནུ་བརྒྱད་གཉིས་ལོན་པའི་ན་ཚོད་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་ལེགས་པར་བརྐྱངས་པའི་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང༌། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཁར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་སོགས་ཀྱིས་མཛེས་པར་བྱས་པ། དར་སྣ་ཚོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འོད་ཟེར་འཁྲུངས་པའི་དབུས་ན་བཞུགས་པ། རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདོད་ན། མཆོད་པ་ཡང་འབུལ་ཞིང་མ་བྱས་ཀྱང་མི་འགལ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿས་སྤྱན་དྲངས་ནས་པཉྩ་ཀཱུ་ལ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩི་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ནས་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང༌། དྲི་མ་ཐམས་ཅད་དགཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམས་ལ། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་བྱིན་གྱིས་བརླབས་ཏེ་སྔར་བཞིན་ཕུལ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང༌། ། རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། ། དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨོའི་འདབ་ལྟར་ཡངས། ། བློ་གྲོས་ངན་པ་སྲེག་མཛད་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། ། ཞེས་པའམ། ཡང་ན་འཆད་འགྱུར་གྱི་བསྟོད་པ་ཅི་རིགས་པས་བསྟོད་ལ། བཟླས་པ་ནི། རང་གི་སྙིང་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ། ལྟེ་བར་ཟླ་གདན་ལ་རང་གི་སེམས་ཉིད་ཨ་དཀར་པོ། རྩིབས་དྲུག་ལ་མདུན་ནས་གཡས་སྐོར་དུ་ཡིག་དྲུག་དཀར་པོ་འོད་ཟེར་འཕྲོ་བ། རྩིབས་ལ་མ་རེག་ཙམ་དུ་འཁོད་པ། འཁོར་ལོ་གཡས་སུ་འཁོར་ཞིང༌། ཡིག་དྲུག་གཡོན་དུ་འཁོར་བ་ལྟར་སྣང་བ། ཨ་ཡིག་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནད་ཐམས་ཅད་གང༌། མི་ཤེས་པའི་མུན་པ་ཐམས་ཅད་བསལ། འཇམ་དཔའི་དབྱངས་ལྟར་བློ་གྲོས་ཐོགས་མེད་དུ་རྒྱས་པར་བསམས་ལ། ཨོཾ་ཝཱ་ཀྱེ་དཾ་ན་མཿཞེས་བཟླའོ། ། བསྙེན་པའི་གྲངས་ནི། སློབ་དཔོན་སྒེག་པའི་རྡོ་རྗེས་འབུམ་ཕྲག་གཅིག་ཏུ་བཤད། རྒྱ་སྟོན་གྱིས་སུམ་འབུམ་དང༌། རིན་ཆེན་རྒྱལ་མཚན་པས་དྲུག་འབུམ་བཟླ་བར་གསུངས་ལ། རྒྱལ་དབང་གིས་སྙིགས་དུས་འདིར་བསྙེན་ཚད་དང་པོ་ལས་མང་དུ་བཟླས་དགོས་པར་བཤད་པས། སུམ་འབུམ་མམ། དྲུག་འབུམ་དང༌། དེ་ལས་མང་བར་བྱས་ན་ལེགས་སོ། ། དེ་ཡང་གྲངས་བསྙེན་གྱི་དབང་དུ་བྱས་ལ། མཚན་མའི་བསྙེན་པ་ནི་གྲངས་མཐའ་གཅིག་ཏུ་མ་ངེས་པར། ཞལ་མཐོང་བ་དང་གསུང་ཐོས་པའམ། གཞན་ཡང་པོ་ཏི་དང༌། མཚོན་ཆ་མཐོང་བར་རྨིས་པ་དང༌། མེ་ཏོག་བཏུ་བ། མར་མེ་གཏམས་པ། ཉི་ཟླ་ཤར་བ། རོལ་མོ་འབུད་དཀྲོལ་བྱེད་པ། ནམ་མཁའ་ལ་འཕུར་བ། ལུས་ལ་མེ་འབར་བ། ཆུར་བརྒལ་བ། གོས་དཀར་དྲི་མེད་གྱོན་པ་སོགས་རྨི་བ་འབྱུང་གི་བར་དུ་བཟླ་བར་བཤད་དེ། རྟགས་དེ་དག་ལ་ཡང་ཤར་ཚད་ཚད་མར་མི་བཟུང་ངོ༌། ། དམིགས་པའི་གནད་ནི། འཁོར་ལོ་མྱུར་དུ་འཁོར་བས་བློ་གྲོས་མྱུར་བ་དང༌། རྩེ་མོ་རྣོ་བས་བློ་རྣོ་བ་དང༌། མདོག་དཀར་བས་བློ་གསལ་བར་འགྱུར་རོ། ། གསུམ་པ་མཇུག་ཏུ། ཡིག་བརྒྱ་བཟླས་ནས་མཆོད་བསྟོད་བྱས་ཏེ། ཡེ་ཤེས་པ་སྤྱན་དྲངས་ཏེ་གཏོར་འབུལ་བྱེད་པ་ཚད་ལྡན་གཞན་གྱིས་བཤད་པས་བྱས་ཀྱང་ལེགས་ལ། རྒྱལ་དབང་ལྔ་པས་མཚམས་འདིར་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་བསྟོད་བྱ་བ་ཙམ་ལས་གཏོར་འབུལ་མ་བཤད་ཅིང༌། དེར་མ་ཟད་རྒྱལ་དབང་གིས་མཛད་པའི་སྒྲུབ་ཐབས་གཞན་དུ་མར་ཚུལ་དེ་ཁོ་ན་ལྟར་སྣང་བས་བྱ་རྒྱུད་ཀྱི་སྐབས་སུ་བསྙེན་པའི་ཚེ་ཡང་གཏོར་འབུལ་མེད་ཀྱང་ཆོག་པར་མངོན་ལ། རྒྱུན་པའི་ཁ་ཏོན་གྱི་སྐབས་སུ་དེ་མེད་ཀྱང་ཤིན་ཏུ་རུང་ངོ༌། ། འོན་ཀྱང་རེ་ཞིག་འདི་ལྟར་བྱ་སྟེ། བསྙེན་པའི་མཐར། ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་ནས་རང་ལ་ཞལ་མངོན་པར་ཕྱོགས་ཏེ་བཞུགས་པར་གྱུར་པར་བསམས་ལ། སྔར་བཞིན་མཆོད་ཅིང་བསྟོད་པའམ། སྤྲོ་ན་ཡན་ལག་བདུན་པ་བྱ་སྟེ། དེ་ཡང༌། བདེ་གཤེགས་ཀུན་གྱི་མཁྱེན་བརྩེ་དག་པའི་མཛོད། ། གཅིག་གྱུར་རྒྱལ་སྲས་གཞོན་ནུའི་ཟློས་གར་མཁན། ། དཔག་ཡས་ཞིང་དུ་གྲངས་མེད་རྣམ་རོལ་གྱིས། ། རྒྱལ་བའི་མཛད་པ་བསྒྲུབ་ལ་ཕྱག་འཚལ་ལོ། ། ཉིན་བྱེད་འབུམ་གྱིས་འཁྱུད་པའི་གངས་ཀྱི་རིས། ། འཇའ་ཚོན་གོས་གྱོན་རྒྱུ་སྐར་གྱིས་སྤྲས་བཞིན། ། ལྷ་རྫས་དར་དང་རིན་ཆེན་རྒྱན་མང་གིས། ། ཀུན་ནས་མཛེས་པ་ཁྱོད་ལ་ཕྱག་འཚལ་ལོ། ། ལྡེམ་ལྡེམ་ཆུ་སྐྱེས་འདབ་མ་རྒྱས་པའི་སྟེང༌། ། གསལ་གསལ་ཆ་ཤས་རྫོགས་པའི་ཟླ་གདན་ལ། ། འཛུམ་འཛུམ་ཞི་བའི་ཉམས་ལྡན་གཞོན་ནུའི་སྐུ། ། མཚན་དང་དཔེ་བྱད་འབར་ལ་ཕྱག་འཚལ་བསྟོད། ། རབ་འབྱམས་ཞིང་ན་མཆིས་པའི་མཆོད་པའི་ཚོགས། ། ཇི་སྙེད་དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་དང༌། ། བདག་ལུས་ལོངས་སྤྱོད་དགེ་བ་ཕྱོགས་གཅིག་བསྡོམས། ། གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ། བདག་གི་ཐོག་མ་མེད་ནས་སྒོ་གསུམ་གྱིས། ། བགྱིས་དང་བགྱིད་རྩལ་ཉེས་པའི་ཕུང་པོ་ཀུན། ། ནོངས་ཞིང་འགྱོད་པའི་ཡིད་ཀྱིས་མཐོལ་བྱེད་ན། ། ཐུགས་རྗེའི་ཤུགས་ཀྱིས་བྱང་ཞིང་དག་པར་མཛོད། ། བདེན་པའི་རང་བཞིན་བྲལ་ཡང་ཀུན་རྫོབ་ཏུ། ། རང་གཞན་གྱིས་བསྐྲུན་རྣམ་དཀར་དགེ་ཚོགས་ལ། ། རྗེས་སུ་ཡི་རང་འབད་པ་ཆུང་ངུས་ཀྱང༌། ། མཐའ་ཡས་དགེ་ཚོགས་སྡུད་ཅིང་འཕེལ་བར་མཛོད། ། ཟབ་དང་རྒྱ་ཆེའི་དོན་རྣམས་སྟོན་པ་ཡི། ། དམ་པའི་ཆོས་ཀྱི་འཁོར་ལོ་དུས་ཀུན་ཏུ། ། བསྐོར་བར་བསྐུལ་ལོ་མ་ལུས་འགྲོ་བ་ཡང༌། ། སྲིད་དང་ཞི་བའི་རྒུད་པ་ལས་ཐར་མཛོད། ། འཁོར་བའི་ཕྱི་མཐའ་སྟོང་པར་མ་གྱུར་དང༌། ། ལུས་ཅན་ཀུན་གྱིས་བྱང་ཆུབ་ཐོབ་ཀྱི་བར། ། བཞུགས་པར་གསོལ་ལོ་ནམ་མཁའ་ཇི་སྲིད་དུ། ། རྟག་པར་མྱ་ངན་མི་འདའ་བརྟན་པར་བཞུགས། ། དེ་ལྟར་ཇི་སྙེད་བསགས་པའི་རྣམ་དཀར་དགེ། དུས་གསུམ་ལེགས་བྱས་ཚོགས་དང་ལྷན་ཅིག་ཏུ། ། རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་ལ། ། མཁྱེན་རབ་འཇམ་པའི་དབྱངས་བཞིན་འགྱུར་ཕྱིར་བསྔོ། ། ཡང་ན་གསོལ་འདེབས་སྨོན་ལམ་སྒོས་སུ་བྱེད་ན། བགྲངས་ཡས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང༌། ། རྨོངས་པའི་མུན་ཆེན་དྲུང་ནས་འབྱིན་བྱེད་པའི། ། ཡེ་ཤེས་ཕུང་པོ་གཟུགས་ཀྱི་རྣམ་རོལ་ཅན། ། ཀུན་མཁྱེན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། ། རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ཀྱང༌། ། མཚོན་པར་མི་ནུས་གཟིགས་པ་མཆོག་མངའ་བས། ། གྲངས་མེད་ཞིང་དུ་མཁྱེན་པའི་གཏེར་ཆེན་ཞེས། ། ཡོངས་སུ་གྲགས་པའི་ཞབས་ལ་གསོལ་བ་འདེབས། ། རྒྱལ་བ་ཀུན་གྱི་ཡབ་གྱུར་ལྷ་ཡི་ལྷ། ། ས་བཅུའི་དབང་ཕྱུག་ཚུལ་བཞིན་སྨྲ་བའི་ཉི། ། གསུང་རབ་དོན་ཀུན་རྟོགས་པའི་རྣམ་དཔྱོད་ཀྱི། ། མཆོག་སྦྱིན་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། ། ཚེ་རབས་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས། ། དགྱེས་བཞིན་རྗེས་སུ་བཟུང་ནས་རང་གཞན་གྱི། ། སོམ་ཉིའི་དྲ་བ་གཅོད་པའི་མཐུ་ལྡན་ཅིང༌། ། འཆད་རྩོད་རྩོམ་པའི་གནས་རྣམས་མཐར་ཕྱིན་ཤོག། ཞེས་པ་དང༌། ཚེ་རབས་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས། ། ཞེས་སོགས་དང༌། བརྩེ་ལྡན་ཁྱོད་ཀྱི་སོགས་ཅི་རིགས་བརྗོད་ཅིང་མཚན་བརྗོད་ཀྱང་འདོན། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་བཤམས་ཏེ། སྐབས་གང་དུ་འབུལ་བ་ནི། བསྙེན་པའི་མཇུག་ཏུ་ཡེ་ཤེས་པ་མདུན་དུ་ཕྱུང་བ་དེ་ཉིད་ལ་ཕུལ་ཀྱང་འགལ་བ་མེད་ཅིང༌། རྒྱལ་དབང་དགེ་འདུན་རྒྱ་མཚོ་དང༌། པཎ་ཆེན་གོང་མས་ཡེ་ཤེས་པ་ལོགས་སུ་སྤྱན་དྲངས་ནས་འབུལ་བར་བཤད་པའི་སྐོར་མང་དུ་སྣང་བས་དེ་ལྟར་བྱེད་ན། གཏོར་མ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་རླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཀ་མ་ལ་ཡེ་སྟྭཾ། བཅོམ་ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་པར་གྱུར་པར་བསམས་ལ། ཨོཾ་ཨཱརྱ་མཉྫུ་ཤྲི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་གསུམ་གྱིས་དབུལ། སྔར་བཞིན་མཆོད་ཅིང་བསྟོད་ལ། བཟོད་གསོལ་ཀྱང་བྱས་ནས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་ཞེས་བརྗོད། འདི་བདག་བསྐྱེད་ཀྱི་ཡེ་ཤེས་པའང་སྦྱོར། གཏོར་འབུལ་འདི་ལྟར་བྱེད་ན། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་མ་ཕྱུང་ན་བདེ་བས་ཁྱད་པར་ཤེས་དགོས་སོ། ། མཆོད་པ་བྱིན་རླབས་བྱེད་པའི་ཚུལ་ནི། བྱ་སྤྱོད་སྤྱི་དང༌། ཁྱད་པར་ཀུན་རིག་ཚེ་དཔག་གི་རིགས་ལའང་སྦྱར་རུང་བས་གོང་དུ་གསལ་བར་མ་བཤད་དོ། ། སྨྲས་པ། ཡོན་ཏན་ཀུན་གྱི་རྩ་བ་ཤེས་རབ་སྟེ། ། དེ་ཡི་མཆོག་སྦྱིན་སྟེར་མཛད་ལྷག་པའི་ལྷ། ། གང་གི་སྒྲུབ་ཐབས་མ་ཏི་པཎ་ཆེན་གྱི། ། བཞེད་སྲོལ་འཁྲུལ་མེད་དམ་པའི་གསུང་བཞིན་བྲིས། ། འདིར་འབད་ལས་བྱུང་དགེ་ལེགས་པདྨོའི་ཚལ། ། ཇི་སྙེད་བསྐྲུན་དེས་མཐའ་དག་འགྲོ་བ་ཀུན། ། རབ་རྨོངས་འཆིང་བའི་རྒྱ་ལས་རྣམ་གྲོལ་ཏེ། ། མཁྱེན་རབ་འཇམ་པའི་དབྱངས་དང་མཚུངས་གྱུར་ཅིག། ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་དཀའ་བཅུ་འཇམ་དབྱངས་དོན་ཡོད་དང༌། པར་དུ་བརྐོ་བ་པོ་ནི། བློ་གྲོས་དང་ལྡན་པའི་སྔགས་འཆང་ཚེ་དབང་རྒྱ་མཚོའོ། ། དགེའོ། ། མངྒལཾ། བཀྲ་ཤིས་པར་གྱུར་ཅིག། ། །

 

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།