བིས་མདོ་བཀྲ་ཤིས་ཆོས་འཁོར་གླིང་གི་གནས་བསྟོད་དྲི་ཟའི་བུ་མོ་ཀུན་ཏུ་དགའ་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-06-24 07:00:59     རྩོམ་པ་པོ།   སྐྱ་ཀྱཱ་འཇམ་དབྱངས་དགེ་བའི་དཔལ    ཀློག་ཐེངས།  

༄༅། །དག་པ་དོན་དམ་ཡེ་ཤེས་སྒྱུ་མ་ཆེ། །

ངོ་མཚར་སྒྱུ་མའི་འཕྲུལ་ལས་མཁའ་ཁྱབ་ཀྱི། །

འཁོར་ལོ་མ་ལུས་སྤྲོ་ཞིང་སྡུད་པ་བོ། །

ཁྱབ་བདག་བླ་མའི་ཞབས་ལ་ཕྱག་བགྱིའོ། །

རབ་འབྱམས་རྒྱལ་བའི་ཡབ་ཏུ་གྱུར་ཀྱང་རྒྱལ་ཀུན་སྲས་ཀྱི་རྣམ་པར་རོལ། །

དངོས་འཛིན་འཆིང་བའི་དྲ་བ་བཅད་ཀྱང་དམིགས་མེད་ཐུགས་རྗེས་དམ་དུ་བཅིངས། །

བྱམས་པ་ཆེན་པོས་རྟག་ཏུ་བརླན་ཡང་རྨོངས་པའི་ཚང་ཚིང་བསྲེག་མཛད་པ། །

རྒྱལ་ཀུན་ཡེ་ཤེས་གཅིག་གྱུར་འཇམ་དཔལ་གཞོན་ནུའི་ཤིས་པ་མཆོག་གིས་སྐྱོངས། །

རྡུལ་བྲལ་ཤེས་རབ་དགའ་མའི་ལང་ཚོའི་དཔལ། །

མི་སྐྱོའི་གྲོགས་སུ་སྲིད་ཞིའི་མཛེས་སྡུག་ཀུན། །

དམ་དུ་འཁྱུད་པའི་དཔལ་མོ་མིག་ཡངས་མ། །

ངང་བའི་བུ་མོ་མགྲིན་པའི་འོ་མཚོར་བྱོན། །

ཐུབ་བསྟན་ཡོངས་སུ་རྫོགས་པའི་ཡིད་བཞིན་ནོར། །

བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་བཀོད་ནས། །

གངས་རིའི་ཁྲོད་འདིར་ཉི་ལྟར་གསལ་མཛད་པ། །

བློ་བཟང་འཁོར་ལོས་སྒྱུར་རྒྱལ་དེ་ལ་འདུད། །

བསླབ་གསུམ་རྣམ་དག་གསེར་གྱི་ཡུ་བ་ལ། །

གཞན་ཕན་བྱང་ཆུབ་སེམས་ཀྱི་ཤམ་བུ་གཡོ། །

རིམ་གཉིས་ནོར་བུའི་ཏོག་གིས་རབ་མཐོ་བ། །

ཤེས་རབ་རྒྱལ་མཚན་མ་འདྲིས་འགྲོ་བའི་མགོན། །

འཇམ་དབྱངས་བླ་མའི་རང་ལུགས་ཉི་མའི་འོད། །

འཐུངས་པས་བློ་གྲོས་པདྨོ་བཞད་པ་ལ། །

ལེགས་བཤད་རྡུལ་དམར་སྐྱུགས་པའི་ཟེགས་མ་རྣམས། །

སྐལ་ལྡན་བུང་བའི་ཚོགས་ཀྱི་ཉེར་འཚོར་གྱུར། །

གང་གི་ཟབ་ཡངས་མཁྱེན་བརྩེའི་ལྷ་ལམ་ནས། །

འཕྲིན་ལས་གྲུ་ཆར་ཕྱོགས་འདིར་བབས་པ་ན། །

སྐལ་བཟང་སྐྱེ་བོའི་བསོད་ནམས་སྣོད་ཡངས་པོར། །

བཤད་སྒྲུབ་རླབས་ཕྲེང་གཡོ་བའི་ཆུ་གཏེར་འཁྲུངས། །

གང་དེའི་སྣོད་དང་བཅུད་ཀྱི་ཡོན་ཏན་ཀུན། །

དག་དང་མ་དག་ཡིད་ཀྱི་རྩིག་ངོས་སུ། །

ཀུན་རྟོག་པིར་གྱིས་བཀྲ་བར་བཀོད་པ་རྣམས། །

མ་ལུས་བརྗོད་ལ་གདོང་བཞི་བ་ཡང་ངལ། །

ཤིན་ཏུ་རྒྱ་ཆེའི་ནམ་མཁའི་ཁམས། །

ཕ་མཐའ་གཞལ་བར་མི་སྤྱོད་ན། །

མཁའ་ལ་འཕུར་བར་མི་རིགས་ཅེས། །

བློ་ལྡན་སུ་ཞིག་སྨྲ་བར་བྱེད། །

དེའི་ཕྱིར་བློ་ལྡན་འཆི་མེད་དགའ་ཚལ་དུ། །

ལེགས་འཁྲུངས་སྙན་ངག་སྦྲང་རྩིས་བཟུང་བ་ཡི། །

ཡོད་འོང་བསྟོད་ཚིག་པུཎ་ཊ་རི་ཀའི་ཕྲེང་། །

ཤེས་ལྡན་མགུལ་བའི་རྒྱན་དུ་མངོན་པར་བསྐྲུན། །

དཔྱིད་ཀྱི་དཔལ་མོས་བརྡུངས་པའི་དབྱར་སྐྱེས་རྔས། །

ཡིད་ལ་ཡ་མཚན་ཐོབ་པའི་རྨ་བྱ་བཞིན། །

གང་འདིར་མངོན་པར་དགའ་བའི་ཡིད་ཅན་རྣམས། །

དགའ་བར་གར་དང་བཅས་ཏེ་རྣ་བ་བློགས། །

འཛམ་བུའི་ལྗོན་པས་མཛེས་པའི་ལྷོ་གླིང་འདིར། །

སྤྱན་རས་གཟིགས་དང་སྒྲོལ་མས་འདུལ་བའི་ཞིང་། །

གངས་རིའི་མུ་ཁྱུད་འཛིན་པའི་ཤར་གྱི་ཆ། །

རྣམ་འདྲེན་བཞི་བའི་མགུར་གྱི་བུམ་བཟང་ལས། །

ངས་སྔོན་རྒྱལ་སྲས་སྤྱད་པ་སྤྱོད་པའི་ཚེ། །

གཞོན་ནུ་དོན་གྲུབ་བུ་དང་ཆུང་མར་བཅས། །

བྱ་དཀའི་སྦྱིན་པ་རླབས་ཆེན་བཏང་བའི་གནས། །

ཏན་ཏིག་རི་ཞེས་གསལ་བར་ལུང་བསྟན་པའི། །

གནས་ཆེན་དེ་དང་ཉེ་བའི་ཆུ་ལྷའི་ཕྱོགས། །

རི་བོ་རྣམས་ནི་མར་གད་གོས་ཀྱིས་བཀླུབས། །

ལྗོན་པའི་ཚོགས་རྣམས་སྤྲིན་སྔོན་གཏིབས་པ་བཞིན། །

གྲོང་དང་གྲོང་ཁྱེར་སྨན་ལྗོངས་ལ་སོགས་པ། །

མཐོ་རིས་འཇིག་རྟེན་ས་ལ་འཕོས་པ་བཞིན། །

ས་ལ་རྨད་བྱུང་དགེ་བཅུའི་དཔལ་གྱིས་མཛེས། །

མི་རྣམས་དགེ་བཅའི་ཁྲིམས་ཀྱིས་བདེ་བར་འཚོ། །

གང་དུ་ཉེ་བར་འཁོད་པའི་ལུས་ཅན་གྱི། །

ལེགས་བྱས་ཕོ་ཉས་འགྲོན་དུ་བོས་པའི་ཚེ། །

དམར་གཡོ་གཙང་སོགས་སེམས་དཔའ་ཆེ་རྣམས་ཀྱང་། །

བཀྲ་ཤིས་རྐང་བ་དལ་གྱིས་འགོམ་པས་གཤེགས། །

དེར་ནི་ས་ཡི་ཐིག་ལེར་ཡོངས་གྲུབ་པ། །

བཀྲ་ཤིས་དགེ་མཚན་འབུམ་ཕྲག་བཞད་པའི་གཉེན། །

ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གླིང་། །

དབུས་འགྱུར་མཁས་པའི་མདུན་ས་ན་ལེནྡྲ། །

བྱང་གི་ཕྱོགས་འདིར་འཕོས་པ་བཞིན་དུ་གྱུར། །

གང་དུ་ས་ལ་གནས་པའི་དགེ་མཚན་ཀུན། །

འཇིག་རྟེན་མེས་པོས་གཅིག་ཏུ་སྤུངས་པ་བཞིན། །

གྲུབ་པའི་དྲང་སྲོང་རྣམས་ཀྱིས་བརྟེན་པ་ཡི། །

རི་བོ་རྣམས་ཀྱི་ཁོར་ཡུག་ཀུན་ནས་མཛེས། །

སྨན་གྱི་མྱུ་གུ་བྱེ་བ་འབྱུང་བའི་གནས། །

ལང་ལོང་སྤྲིན་དཀར་གཡོ་བའི་སྟོད་གཡོགས་ཅན། །

མ་ལ་ཡ་བཞིན་མངོན་པར་མཐོ་བ་ཡི། །

བྲག་རྒྱལ་རི་བོས་ཆུ་ལྷའི་ཕྱོགས་ནས་བརྟེན། །

གཡས་ཀྱི་ཕྱོགས་ནས་བརྒྱད་ལྡན་ཉལ་འགྲོ་མ། །

ཝུ་ཕྲེང་མུ་ཏིག་དོ་ཤལ་དགོད་པ་ལ། །

དྲང་སྲོང་རྣམས་ཀྱི་རྐང་བའི་ཁྲུས་ཆབ་ཏུ། །

བདེ་བྱེད་རལ་བའི་ཀློང་ནས་འབབ་པ་བཞིན། །

ཡིད་འོང་རྐང་འཐུང་འཁྲིགས་པའི་གར་མཁན་མ། །

དབང་བོ་གཞུ་ལྟར་བཀྲ་བའི་མེ་ཏོག་གི །

ཕྲེང་བ་བཅིངས་རྣམས་ཡལ་གའི་ལག་པ་ཡིས། །

རོ་བརྒྱའི་འབྲས་བུ་ཐོགས་ནས་གར་སྟབས་བསྒྱུར། །

ཡིད་འོང་འདབ་ཆགས་རྣམས་ཀྱི་སྙན་པའི་གླུ། །

ཆོས་ལ་སྐུལ་བའི་དབྱངས་བཞིན་རྒྱུན་མར་སྒྲོགས། །

ཁྲོས་པའི་མིག་གིས་ལྟ་སྟངས་མི་བཟད་པའི། །

མ་རུངས་གཅན་གཟན་གཏུམ་པོ་དུ་མ་ཡིས། །

རེས་འགའ་འཇིགས་པའི་ང་རོ་སྒྲོགས་པ་ནི། །

མི་རྟག་སྟོན་པའི་སློབ་དཔོན་བཞིན་དུ་གྱུར། །

རྨུགས་འཛིན་དབང་བོའི་ཁེངས་པ་ཉམས་བྱེད་པའི། །

ནོར་ལྡན་དུ་མས་གཏོང་བའི་སྒོ་ཕྱེ་སྟེ། །

མཁོ་དགུའི་ཡོ་བྱད་ཆར་དུ་བསྙིལ་བ་ཡི། །

རྣམ་དཀར་མཆོད་པའི་ལས་ལ་རྟག་ཏུ་བརྩོན། །

གསེར་གྱི་བ་གམ་གྱིས་མཛེས་འཆི་མེད་ཀྱི། །

ཁང་བཟང་ཇི་བཞིན་ལྟ་ན་སྡུག་པ་ཡི། །

རྟེན་དང་བརྟེན་པར་བཅས་པའི་ངོ་མཚར་རྣམས། །

མིག་ལ་མིག་གི་བདུད་རྩི་བཞིན་དུ་འཇེབས། །

དེར་ནི་རྣམ་དག་ཁྲིམས་ཀྱི་དྲི་བསུང་ཅན། །

མི་རྟོག་ཏིང་འཛིན་འདབ་བརྒྱ་རྒྱས་པའི་ལྟོར། །

ཤེས་རབ་ཟབ་མོའི་གེ་སེར་རྒོད་པ་ཡི། །

རིག་གྲོལ་པདྨའི་ཕྲེང་བ་ཚར་དུ་དངར། །

མ་སྨད་སྤོབས་པའི་ལུས་རྩལ་རབ་རྫོགས་ཤིང་། །

ལུང་རིགས་གཡུ་རལ་ངོམ་པའི་སེང་གེ་དག  །

དགག་སྒྲུབ་ལུང་རིགས་སྒྲོགས་པས་ལོག་རྟོག་གི  །

རི་དྭགས་སྙིང་ལ་འཇིགས་པའི་ཆོ་ག་སྟེར། །

མགྲིན་པའི་པད་མཚོར་ཚངས་སྲས་ཡོད་འོང་མ། །

རྣམ་པར་རྩེན་པའི་ངག་ལ་དབང་འབྱོར་བ། །

འགའ་ཞིག་སྙན་འགྱུར་འབུམ་གྱི་རྒྱུད་མངས་ལས། །

དྲངས་ཏེ་ལེགས་བཤད་རྩོམ་པའི་གླུ་དབྱངས་ལེན། །

གཞན་དག་བློ་གསལ་ངང་མོ་ཚོགས་པའི་དབུས། །

མདོ་སྔགས་རྒྱ་མཚོའི་དཀའ་གནད་མ་ལུས་པ། །

ལག་མཐིལ་རྫས་བཞིན་གསལ་བར་སྟོན་པ་ཡིས། །

ཐར་ལམ་མཚོན་པའི་ངང་བའི་དེད་དཔོན་མང་། །

ཐ་མལ་སྐྱེ་ཤི་བར་དོའི་ལྕགས་ཀྱི་ཁམས། །

སྐུ་གསུམ་གསེར་དུ་སྒྱུར་བའི་ཆོ་ག་མཁན། །

ཟབ་མོའི་རྟོགས་པ་ཀློང་དུ་གྱུར་པ་ཡི། །

རྣལ་འབྱོར་ཚོགས་རྣམས་ཏིང་འཛིན་དགའ་པས་རོལ། །

དེ་ལྟའི་སྣོད་བཅུད་འབྱོར་བའི་ཡོན་ཏན་རྣམས། །

ཇི་བཞིན་ཁོང་དུ་ཆུད་ནས་གནས་མཆོག་འདིར། །

ཐོས་བསམ་སྒོམ་པའི་བྱ་བ་བརྒྱ་ཕྲག་གིས། །

རྙེད་དཀའི་དལ་བ་དོན་ཡོན་བྱ་བའི་རིགས། །

འཇམ་དབྱངས་མཁྱེན་པའི་ཉིན་བྱེད་སྣང་བ་བརྒྱས། །

སྙིང་གི་པདྨོར་དགེ་བའི་དཔལ་བྱིན་པ། །

སྙོམས་ལས་མཁན་པོ་འདུ་ཤེས་གསུམ་པ་དེར། །

ཕུན་སུམ་ཚོགས་པའི་བརྩོན་འགྲུས་ལ་སོགས་པའི། །

བསྔགས་འོས་དུ་མའི་རྒྱན་གྱིས་མཛེས་པ་ཡི། །

བློ་ལྡན་དེ་ཡིས་ཡང་ཡང་བསྐུལ་བའི་ངོར། །

སྦྱར་པའི་དགེ་དེས་ལུས་ཅན་ཀུན་གྱི་ཡིད། །

བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་གྱུར། །

ཅེས་པ་འདི་ནི་ཆོས་སྡེ་ཆེན་པོ་བིས་མདོ་བཀྲ་ཤིས་ཆོས་འཁོར་གླིང་གི་ཁྲི་ཟུར་གཡེར་གཤོང་རིན་པོ་ཆེའི་མཛོད་པ་ཕུན་ཚོགས་བརྩོན་འགྲུས་ཀྱིས་ལྷ་རྫས་དང་བཅས་བསྐུལ་བ་ལྟར་རྒྱལ་ཁམས་ཉུལ་བའི་བནྡེ་འཇམ་དབྱངས་དགེ་བ་དཔལ་ལམ་མིང་གཞན་མོག་ཀྱཱ་མཁན་པོར་འབོད་པས་འཕྲལ་དུ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་བློ་བཟང་རྒྱ་མཚོས་བགྱིས་པ་ལུས་ཅན་ཡོངས་ལ་དགེ་ལེགས་རྒྱུན་མི་འཆད་པའི་རྒྱུར་གྱུར་ཅིག །

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།