མཎྚལ་བཤད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 21:42:42     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

ཨོཾ་སྭ་སྟི། ཐོག་མར་དགེ་བ་འདྲེན་པ་སངས་རྒྱས་ཞབས། །བར་དུ་དགེ་བ་སྐྱོབས་པ་དམ་པའི་ཆོས། །ཐ་མར་དགེ་བ་ཚོགས་མཆོག་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་གསུམ་གྱིས་བཀྲ་ཤིས་སྩོལ། །ཞེས་མཆོད་པར་བརྗོད་པའི་བཀྲ་ཤིས་མེ་ཏོག་གི་ཕྲེང་བ་ལེགས་པར་སྤེལ་ཏེ་གང་ཞུ་བར་བྱ་བ་ནི་ལྷ་དང་བཅས་པའི་སྟོན་པ་སངས་རྒྱས་འཇིན་རྟེན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཏེ། ལྷ་མི་གཙོ་བོར་གྱུར་པའི་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། དེའི་དགོངས་པ་འགྲེལ་བ་ལ་རྒྱལ་བ་རང་ཉིད་ཀྱིས་ལུང་གིས་བསྔགས་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཞབས་ཏེ། རྒྱལ་བའི་རྒྱལ་ཚབ་ཆེན་པོ་གཉིས་ཀྱི་རྗེས་སུ་བཟུང་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཞུས་པ་དང་། དོན་དམ་ཡང་དག་འཕགས་ཀྱིས་ཞུས་པའི་ཐེག་ཆེན་གྱི་དྲང་ངེས་ཀྱི་གསུང་རབ་གཉིས་དཔྱད་གཞིར་བྱས་ཏེ་རྟོན་རིགས་བཅུ་དྲུག་གིས་མདོ་སྡེ་དྲང་ངེས་ཀྱིས་ཤིང་རྟའི་ལམ་སྲོལ་ཆེན་པོ་གཉིས་ཀྱི་སྒོ་ནས་ཟབ་མོ་ལྟ་བའི་ལམ་གྱི་དགོངས་པ་གསལ་བར་བྱས་ཤིང་། ཤེར་ཕྱིན་གྱི་མདོ་སྡེ་རྒྱ་མཚོ་ཆེན་པོ་ལྟ་བུའི་སྦས་དོན་ནོར་བུའི་ཕྲེང་བ་ཤེས་བྱ་མཁྱེན་གསུམ་དང་ཉམས་ལེན་སྦྱོར་བཞིའི་འབྲས་བུ་ཆོས་སྐུར་དྲིལ་ཏེ་རྒྱ་ཆེ་བའི་ཤིང་རྟའི་སྲོལ་འཕགས་པ་མ་ཕམ་པས་ཕྱེས་པ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་རྒྱས་ པ་ནི། ཇི་སྐད་དུ། བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་བའི་རྒྱལ་བའི་བསྟན་པ་མཆོག། །ས་གསུམ་འགྲོ་ན་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད། །ཞེས་གསུངས་པ་ལྟར་ལགས་ཤིང་། དེར་མ་ཟད་ཤིང་རྟ་ཆེན་པོའི་སྲོལ་འཛིན་པའི་མཁས་གྲུབ་ནམ་མཁའི་སྐར་ཚོགས་དང་། ས་ཡི་རྩི་ཤིང་ལྟ་བུའི་འཕགས་པའི་ཡུལ་དུ་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་བཟུང་སྟེ་འགྲོ་བ་རྣམས་གནས་མཐར་གྱི་རྒུད་པ་ལས་བསྐྱབས་པ་ནི། ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །དབྱིག་གཉེན་ཞབས་དང་བློ་བརྟན་ཕྱོགས་གླང་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག། །མཁས་པའི་དབང་པོ་རྣམས་ལ་གུས་པས་འདུད། །ཅེས་གསུངས་པ་ལྟར་ཡིན་ལ། འཛམ་གླིང་འདིའི་ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཕྱོགས་རི་ཁ་བ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ཡོངས་སུ་བཟུང་བའི་ཡུལ་ཁྱད་པར་ཅན་གྱི་ལྗོངས་འདིར་ཡང་ལྷ་བཙན་པོ་སྔ་ཕྱིའི་སྐུ་རིང་ལ་ར་ས་འཕྲུལ་སྣང་དང་། །ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་བཞེངས་ཏེ་མཁན་ཆེན་ཤནྟ་རཀྵི་ཏ་དང་།ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སོགས་གདན་དྲངས་ཏེ་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་འཕགས་ཡུལ་ཆོས་ཀྱི་རྒྱ་མཚོ་བསིལ་ལྡན་གྱི་ཁོངས་སུ་དྲངས་བས་བསྟན་པ་སྔ་དར་ཞེས་ཡོངས་སུ་གྲགས་པ་དང་། རྣམ་གནོན་ཚུལ་གྱིས་པཎྜི་ཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་། འབྲོམ་རྒྱལ་བའི་འབྱུང་གནས་སྐུ་མཆེད་གསུམ། གླང་ཤར་གཉིས་སོགས་འཕགས་པའི་གནས་བརྟན་ཆེན་པོ་རྣམས་བསམ་བཞིན་དུ་བསྟན་པའི་བྱི་དོར་ལ་ཕེབས་པ་མང་དུ་བྱུང་སྟེ་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་གྲུ་བཞི་ལམ་མེ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་འབབ་པའི་ཟབ་རྒྱས་ཆུ་བོ་གཉིས་འདྲེས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་བསྟན་པ་ཕྱི་དར་ཞེས་ཡོངས་སུ་གྲགས་པ་དང་། ཁྱད་པར་དུ་སྟོན་པ་རང་ཉིད་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་དུ། བྱིས་པའི་གཟུགས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་ལུང་བསྟན་པ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་གྱི་རྣ་བའི་བཅུད་ལེན་དུ་གྱུར་པ་དེ་ཉིད་ཀྱི་ཞལ་བཟང་མངོན་པར་བལྟམས་ཏེ་ཐུབ་པའི་དགོངས་པ་ཤིང་རྟ་ཆེན་པོ་གཉིས་ཀྱི་བཀྲལ་བའི་བསྟན་པ་ཡོངས་རྫོགས་ཀྱི་ལམ་སྲོལ་དང་། འཕགས་ཡུལ་ཤིང་རྟའི་སྲོལ་འཛིན་ཐམས་ཅད་ཀྱི་མཛད་པ་བདག་གིར་མཛད་དེ་སྙིགས་དུས་འདིར་ཐུབ་བསྟན་ལི་ཁྲིའི་གོས་ཀྱིས་ས་ཆེན་པོ་འདི་མངོན་པར་གཡོགས་པར་བྱས་པ་ནི། ཇི་སྐད་དུ། བསྟོད་པ་འཇམ་མགོན་མཉེས་པའི་མཆོད་སྤྲིན་ལས། ལི་ཁྲིའི་ཆབ་ཀྱིས་ཀུན་ནས་བཀྲམ་པའམ། །གུར་གུམ་གསར་བའི་དགའ་ཚལ་ཁྱབ་པ་བཞིན། །ངུར་སྨྲིག་འཛིན་པའི་ས་ཆེན་ཡོངས་གང་བའི། །རྣམ་ཐར་འདི་ལ་སྲས་བཅས་རྒྱལ་བས་བསྔགས། །ཞེས་སོགས་གསུངས་པ་ལྟར་བསྟན་པའི་ཉི་མ་ཤར་བར་མཛད་པ་ནི་ཡོངས་སུ་གྲགས་པ་སྟེ། དེ་ལྟ་ནའང་བོད་ཆེན་པོའི་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཟལ་མོ་(རྨ་དང་སྨར)་གྱི་སྟོད་འདི་རྒྱལ་བློན་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པས་མ་ཁྱབ་པར་དམུ་རྒོད་དུ་ལུས་པ་ལས། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་ལུང་གི་དུས་ཚུལ་ཁྲིམས་ཀྱི་ལེའུའི་དུས་ལ་སླེབ་པར་ཉེ་བ་འདི་ཙམ་ན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུའི་འཁྲུངས་ཡུལ་དང་ཉེ་བར་སླར་ཡང་འཇམ་པའི་དབྱངས་ཉིད་དགེ་སྦྱོང་གཞོན་ནུའི་ཤ་ཚུགས་ཀྱིས་རྣམ་པར་བྱོན་ཏེ། གངས་ཅན་གྱི་ལུམྦིའི་ཚལ་གཉིས་པ་སྐུ་འབུམ་ཆོས་སྡེ་ཆེན་པོ་སོགས་སུ་གཞུང་ལུགས་བརྒལ་བརྟགས་ཀྱིས་གཏན་ལ་ཕབ། ཡོངས་འཛིན་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས། མདོ་སྔགས་ཀྱི་ཆོས་བཀའ་མཐའ་དག་རྫོགས་པར་མནོས། གདོད་ནས་དཀྱིལ་འཁོར་གྱི་འཁོར་ལོ་བྱེ་བའི་སྤྲོ་བསྡུའི་བྱེད་པོར་ཡིན་ཀྱང་། དྲང་དོན་གདུལ་བྱ་འདུལ་བའི་སྒོར་གྱུར་བའི་དམ་པའི་རྣམ་ཐར་གྱི་ཡོན་ཏན་ཀུན་ཕྱག་ལེན་དུ་གནང་སྟེ་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་འབྱུང་གནས་སུ་བཞུགས་པ་ནས་དར་ཀླུང་གཡས་སུ་འབབས་པའི་འགྲམ་སྙན་མོ་རི་རྡོ་རྗེ་བྲག་གི་ཉེ་ཞོལ་དུ་རྣམ་རྒྱལ་དགེ་ལྡན་གྱི་གཙུག་ལག་ཁང་། ཇོ་བོ་རིན་པོ་ཆེ་བཀྲ་ཤིས་དགེ་ལེགས་སྟོང་འབར་དང་བཅས་སྔར་མེད་གསར་དུ་བཞེངས་པ་བསྟན་འགྲོའི་བསོད་ནམས་ཀྱི་གཞི་རྟེན་བརྟན་པོར་བྱས་ཏེ། བཤད་སྒྲུབ་བསྟན་པའི་སྲོལ་ཆེན་པོའི་དབུ་བརྙེས་པར་མཛད་པའི་སྐབས་འདིར། མདོ་སྔགས་ཀྱི་ཆོས་བཀའ་དཔག་ཏུ་མེད་པས་བསྐྱངས་པའི་གུས་སློབ་གདན་ས་ཁག་གཉིས་ཀྱིས། དཔོན་སློབ། སྤྲུལ་བའི་སྐུ། རྒན་རིམ། དབུ་མཛད། དགེ་བསྐོས་སོགས་ལས་བྱེད། གྲྭ་མང་དཔོན་རིམ་བཞི་ཁག། ཆས་མི་བློན་རིགས། ཡུལ་འཁོར་གྱི་སྐྱེ་བོ་ཕོ་མོ་དང་བཅས་པས་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་རིན་པོ་ཆེའི་མཎྚལ་གྱི་ཚོམ་བུར་བཀོད་དེ།ཐོག་མར་བཀྲ་ཤིས་པའི་ལྷ་གོས་སྲིད་དུ་རིང་བས་སྣ་དྲངས། རྒྱལ་བ་ཚེ་དཔག་ཏུ་མེད་པའི་སྐུ་རྟེན་རིན་པོ་ཆེ་བྱིན་རླབས་ཀྱི་གཟི་འོད་འབར་བ། གསུང་རྟེན་ཚེ་དང་བསོད་ནམས་དཔག་ཏུ་མེད་པའི་མདོ་སྡེའི་གླེགས་བམ། ཐུགས་རྟེན་མི་མཐུན་པའི་རྒུད་པ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན། བསྐལ་བ་རྒྱ་མཚོའི་བར་ཏུ་ཞབས་ཟུང་བཀོད་དེ་དམ་ཆོས་འདུལ་བ་ལས་བརྩམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་བཞུགས་གདིང་བཟང་ཕྲུག་ལས་བྱས་པ་གཅིག། གསེར་མདོག་གཡུང་དྲུང་ལག་སྦྲེལ་གྱི་གོས་བཟང་ལས་བྱས་པའི་བཞུགས་གདན་གཅིག ཁེབ་སྤུ་ཁྲ་བོའི་བཞུགས་གདན་གཅིག། ཡང་གཡུང་གོས་གསེར་མདོག་པའི་རྒྱབ་ཡོལ་དར་སྤྲས་ཅན་གཅིག།སྣ་ཚོགས་རྡོ་རྗེས་མཚན་པའི་བཟང་གོས་གཡུང་དྲུང་རིས་སེར་པོའི་ཁྲི་ཁེབས་གཅིག།ཕྱག་ན་རྡོ་རྗེ་དྲིལ་བུ་ཚད་ལྡན། གདན་ས་ཕན་ཚུན་གྱི་འདུས་སྡེ་ཁག་གཉིས་ཀྱི་བདག་ཅག་གི་སྟོན་པ་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་བཅས་ཀྱི་ཐུགས་དམ་བསྐུལ་བའི་བསགས་སྦྱང་སྤེལ་བའི་ཆོ་ག་ཁྲི་ཕྲག། བླ་མ་དམ་པ་ཆོས་འགྲུབ་ཚང་དབུར་བྱས་པའི་རྨ་ཉིན་སྲིབ་ཀྱི་སྐྱེ་བོ་མང་ནས་ཚེ་ཐར་ཁྲི་ཕྲག་དང་། ཚེ་ལྷ་རྣམ་གསུམ་གྱི་གཟུངས་དུང་ཕྱུར་གསུམ། རྩོམ་འཕྲོ། མཐུན་འགྱུར། ༄༅། །མཐུན་འགྱུར་བཞུགས་སོ། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བའི་མཐུན་འགྱུར་དང་དཔང་པོ་ཐུགས་རྗེས་འཛིན་པར་ཞུ། ཕྱོགས་བཅུའི་ཞིང་རབ་འབྱམས་མཐའ་ཡས་ཤིང་མུ་མེད་པ་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་བདག་དང་སྦྱིན་པའི་བདག་པོའི་ཐོག་དྲངས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་སྒོ་ནས་གཟིགས་ཤིང་དགོངས་སུ་གསོལ། བདག་དང་སྦྱིན་པའི་བདག་པོ་རྣམས་ཀྱི་ཞིང་དང་དངོས་པོ་རྣམ་པར་དག་པའི་བསྐྲུན་ཅིང་དུས་གསུམ་དུ་བསགས་པའི་དགེ་བའི་མཐུ་ལ་བརྟེན་ནས་ནད་དང་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་ཞིང་ཕན་བདེ་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཉེར་འཚོ་སྨན་གྱི་ལྗོན་ཤིང་དམ་པར་གྱུར་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། བསྟན་པའི་རྩ་ལག་དམ་པར་གྱུར་པར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཆུ་ལྷའི་མངལ་དུ་ཟིམ་པའི་ཚུལ་བསྟན་པ་མཉམ་མེད་ཐུབ་པའི་དབང་པོ་དང་། དེའི་རྒྱལ་ཚབ་ཆེན་པོ་འོད་སྲུང་སོགས་ཐུབ་བསྟན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བ་བདུན་དང་། ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། །གཞན་ཡང་ལྔ་བརྒྱའི་གཙུག་རྒྱན་དཔལ་མཉམ་མེད་དྭི་བཾ་ཀ་ར་ཤྲྀ་ཛྙ་ན་ དང་། དེའི་སྲས་མཆོག་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་སོགས་བཀའ་གདམས་བསྟན་པའི་བདག་པོ་རྣམས་དང་། རང་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་དཔལ་བཟང་པོ་དང་། རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་དང་། འཕགས་པ་སྤྱན་རས་གཟིགས་སྐྱེ་རབས་ཀྱི་འཕྲེང་བ་འཛིན་པ་རྗེ་དགེ་འདུན་གྲུབ་པ་ནས་བཟུང་སྟེ། རྒྱལ་དབང་གོང་མ་ངག་དབང་བློ་བཟང་འཕྲིན་ལས་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་དང་། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་འོད་སྣང་མཐའ་ཡས་ཀྱིས་ཟློས་གར་ཏུ་བསྒྱུར་བ་དབེན་ས་བ་བློ་བཟང་དོན་གྲུབ་ནས་བཟུང་སྟེ་རྗེ་བཙུན་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་སོགས་དགོངས་པ་ཆོས་ཀྱི་དབྱིངས་སུ་ཟིམ་པའི་ཚུལ་བསྟན་པ་རྣམས་ཀྱི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག། ད་ལྟ་བསྟན་འགྲོའི་མགོན་དུ་བསམ་བཞིན་དུ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤྱི་དང་། བྱེ་བྲག་དུ་གངས་ལྗོངས་ལུས་ཅན་རྣམས་ཀྱི་སྤྱི་དཔལ། ཕྱོགས་དང་རིས་སུ་མ་ཆད་པར་ཆོས་སྲིད་ལེགས་ཚོགས་ཀྱི་གཞི་རྒྱལ་བསྟན་ཐམས་ཅད་ཀྱི་བདག་པོ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་དང་། སོར་རྟོགས་ཡེ་ཤེས་ཀྱི་རང་གཟུགས་གསུམ་ལྡན་མི་ཡི་རྣམ་པར་བྱོན་པ་པཎ་ཆེན་ཨེར་ཏི་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་དང་། ཁྱད་པར་ཕྱོགས་འདིའི་ལུས་ཅན་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དམ་པར་ཐུགས་བསྐྱེད་ཀྱི་རྒྱ་མཚོའི་རྦ་རླབས་དུས་ལས་མི་ཡོལ་བར་ཅིར་ཡང་བསྒྱུར་བ། རྗེ་བཙུན་འཇམ་པའི་དབྱངས་མཐོན་མཐིང་རལ་བའི་ཟུར་ཕུད་ལྔ་ཕྲག་དབྱིངས་སུ་སྦས་ཏེ། གསེར་ཞུན་ཅོད་པཎ་འཆང་བའི་འཁོར་བསྒྱུར་དུ་བཞེངས་པ་འདི་ཕྱིའི་སྐྱབས་གཅིག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ། རྗེ་བཙུན་འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞལ་བཞུགས་པ་རྣམས་ཀྱི་སྐུ་ཚེ་སྐལ་བ་རྒྱ་མཚོའི་བར་ཏུ་བརྟན་ཅིང་མཛད་འཕྲིན་དབྱར་གྱི་ཆུ་གཏེར་བཞིན་ཏུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་འཛིན་པའི་དགེ་འདུན་གྱི་གནས་གཞིའི་སྡེ་ཆེན་པོ་གདན་ས་ཆེན་པོ་ཁག་གསུམ་གསང་ཆེན་རྒྱུད་གྲྭ་སྟོད་སྨད་སོགས་དང་། ཕྱོགས་འདིའི་རིས་མེད་བསྟན་པའི་གསོ་སྨན་དུ་བཞག་པའི་ཆོས་སྡེ་འདི་ཉིད་ཀྱི་མཚོན། རིས་མེད་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། རྒྱུད་སྡེ་བཞིའི་བཤད་སྲོལ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག། སྐྱབས་བཟང་པོ་དེ་དག་གི་མཐུས་ཡུལ་ཕྱོགས་འདིའི་མཚོན་པའི་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུགས་རྩོད་སོགས་གྱི་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ཞི་སྟེ་བདེ་སྐྱིད་ཆོས་འབྱོར་གྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་བསྟན་པ་རིན་པོ་ཆེ་ལ་བསམ་སྦྱོར་རྣམ་པར་ དག་པས་དད་མོས་ལྷུར་ལེན་གྱིས་ལུས་ངག་ཡིད་གསུམ་གྱིས་གཙུག་ཏུ་བཀུར་ཞིང་གུས་པས་མཆོད་པའི་བསྟན་པའི་སྦྱིན་བདག་ཚེ་དང་ལྡན་པ་སྤྱི་དང་། བྱེ་བྲག་དུ་ཚེ་དང་ལྡན་པ། རྣམས་ཀྱི་བསམ་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། གཞན་ཡང་ཚེ་དང་ལྡན་པ་དེ་དག་ལ་སྟེང་གདོན་གཟའ་དང་རྒྱུ་སྐར་འོག་གདོན་ཀླུ་དང་ས་བདག། བར་གདོན་བཙན་དང་མ་མོ་སོགས་མི་དང་མི་མ་ཡིན་གྱི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག། གཞན་ཡང་ཆོས་སྡེ་འདི་དང་སྨོན་ལམ་འདིར་འབྲེལ་ཐོག་པའི་ཚེ་འདས་ཕོ་མོ་ཇི་སྙེད་ཡོད་པ་རྣམས་དང་། ཁྱད་པར་དུ།༈ རྣམས་འཁྲུལ་སྣང་འཇིགས་སྐྲག་ལས་གྲོལ་ཏེ་གནས་སྐབས་དལ་བའི་རྟེན་བཟང་རིམ་པར་བརྒྱུད་དེ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་སྟེ་ས་ལམ་གོང་འཕེལ་དུ་བགྲོད་དེ་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་མངོན་པར་རྫོགས་པར་འཚངས་རྒྱ་བར་གྱུར་ཅིག། དེ་ལྟར་སྨོན་པའི་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པ་ལ། བླ་མ་གོང་མ་རྣམས་ཀྱི་བཀའ་བསྒོས་གཉེར་དུ་གཏད་པའི་སྲུང་མའི་དབང་བོ་མཐུ་རྩལ་ཅན་སྤྱི་དང་། ཁྱད་པར་དུ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་བཞི་དྲུག་དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ། མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་སོགས་པ་དང་། གནས་ཆུང་སྤྲུལ་བའི་རྒྱལ་པོ་སྡེ་ལྔ། གནོད་སྦྱིན་ཡང་ལེ་བེར། བསྟན་སྲུང་ཆེན་པོ་གངས་ལྷ་རྩེ་རྒྱལ། གནས་བདག་རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་པ་རྣམས་ཀྱིས་ཉིན་མཚན་དུས་དྲུག་དུ་གཡེལ་བ་མེད་པར་དུས་རྟག་ཏུ་གྲོགས་བྱེད་པར་གྱུར་ཅིག།ཀླུ་ཡི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོ་ལ་སོགས་པའི་དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་གཟི་བརྗིད་མི་ཉམས་གོང་འཕེལ་དུ་རྒྱས་པ་དང་། དེ་དག་གི་མཐུས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་ཁྱད་པར་ཅན་དང་ལྡན་པར་གྱུར་ཅིག། ནག་པོའི་ཕྱོགས་ཀྱིས་ཡིད་བསྐྱོད་པའི་འབྱུང་པོ་ལས་ངན་མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་སྟེ། སེམས་ཅན་ཐམས་ཅད་རང་རང་གི་ཕ་མ་དང་དྲིན་གྱིས་བསྐྱངས་བས་དྲིན་ཅན་ཡིན་པར་ངོ་ཤེས་པའི་སྒོ་ནས་དྲིན་གཟོའི་བསམ་པ་བཟང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག། མདོར་ན་མཉམ་མེད་སྟོབས་བཅུ་མངའ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག 

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn




བརྒྱུད་འགོད།