རང་སེམས་སྐྱོ་བོའི་གླུ་ཡི་རྒྱུད་མངས་འདི། །དགའ་དད་སྤྲོ་བའི་ངང་གིས་ཅིར་ཡང་བརྡུང་། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 21:29:13     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

          མང་ཐོས་མཁྱེན་པའི་སྤྱན་རས་སྟོང་གཡོ་ཞིང་། །ཐེག་མཆོག་སྤྲིན་དཀར་བཞོན་པ་ལ་བཅིབས་པས། །བདེ་ཆེན་ཞོ་འཐུང་རུས་པའི་མཚོན་ཆ་ཅན། །བཤེས་གཉེན་ལྷ་དབང་མཆོག་གི་ཁྲི་དྲུང་དུ། །བློ་བཟང་རྒྱལ་བའི་མདོ་སྔགས་ཆོས་ཀྱི་ཚུལ། །རྒྱ་མཚོ་ཆེ་ལས་ཆུ་ཐིག་ལྟ་བུ་ལ། །ལོངས་སུ་སྤྱོད་པའི་གུས་འབངས་བདག་གིས་ནི། །ཐལ་མོ་སྦྱར་ཏེ་གདུང་བའི་གླུ་འདི་ལེན། །ཡབ་རྗེ་སངས་རྒྱས་དངོས་འདྲ་ཡབ་སྲས་ཟུང་། །གདན་འཛོམས་ཆོས་ཀྱི་དགའ་སྟོན་གནང་བའི་ཚུལ། །དྲན་པའི་མཁའ་ལ་རྟོག་པའི་འདྲི་བཞིན་དུ། །སྐྱོ་བའི་རྒྱུད་མངས་རྒྱུད་དུ་གླུ་འདི་ལེན། །བསོད་ནམས་ཡེ་ཤེས་མེ་ཤེལ་རྡུལ་བསགས་པས། །ཡངས་པའི་ལྗོངས་ཀྱི་རྨོངས་མུན་སེལ་བའི་གཉེན། །དགྱེས་འཛུམ་ཞལ་གྱི་འོད་རིས་འབུམ་འགྱེད་པའི། །སྐུ་མཆོག་ཉིན་མོར་བྱེད་པ་བདེ་ལགས་སམ། །བརྩོན་འགྲུས་གསེར་གྱི་ཟོང་གིས་ཉོས་པ་ཡིས། །ལྔ་རིགས་མཁྱེན་པའི་ནོར་བུ་རིན་ཐང་ཅན། །ཤེས་འདོད་བློ་གསལ་བློ་གྲོས་འཕེལ་བའི་སླད། །རིགས་པས་བྱི་དོར་བྱེད་བཞིན་བཞུགས་ལགས་སམ། །སྣ་ཚོགས་སྣང་བའི་རྦ་རླབས་ཉེར་བསྐྱོད་པའི། །ཀུན་རྫོབ་དུག་ཅན་ཆུ་གཏེར་ཉེར་བརྒལ་ནས། །རྣམ་གྲོལ་ཆོས་ཉིད་ནོར་བུའི་གཟིགས་མོ་ལ། །ཉིན་མཚན་དལ་ཁོམ་མེད་བཞིན་བཞུགས་ལགས་སམ། འདི་ན་བསམ་འཕེལ་ནོར་བུའི་གཙུག་རྒྱན་དག། །བོར་བའི་ཕོངས་པས་མནར་བཞིན་སྡུག་བསྔལ་མཚོར། །འཆི་བདག་མཁའ་ལྡིང་གདུག་པའི་མ་ཟོས་པར། །གྱི་ནར་འཁྱམས་ཞིང་གནས་པ་ལགས་ཞེས་འཁུམས། །འཚམས་ཞུ། ཆོས་མཆོག་བདུད་རྩི་མངར་བོའི་བཏུང་བའི་རྒྱུན། །བརྩེ་ཆེན་ཕྱག་གི་བུམ་པས་ཆེར་གནང་སྟེ། །ཆོས་ལྡན་དམ་པའི་སྐྱེས་བུར་དབང་སྐུར་པའི། །ཡབ་སྲས་བཀའ་དྲིན་ཤིན་ཏུ་གཞལ་དཀའ་མོད། །ཉོན་མོངས་ལྕགས་རྡུལ་བསགས་པའི་ཡོལ་གོའི་ཡིད། །མདོ་སྔགས་གདམས་པའི་ཐོང་སོས་མ་ཐུལ་བས། །རྟོག་ངན་ཁ་དོག་སྔོ་ནག་འཚེར་བཞིན་དུ། །དེང་སང་ཐ་མལ་ལུས་འདིའི་ཡིད་རེ་སྐྱོ། །སྐྱོ་བའི་ན་བུན་གོས་སུ་ཀླུབས་པ་ཡི། །ཀུན་རྟོག་གཅོང་རུང་མང་པོའི་ཡིད་ཀྱི་རྫ། །བདག་འཛིན་མི་སྲུན་གདུག་པའི་དྲེད་ཉལ་ཚང་། །འདི་འདྲར་ཐུགས་བརྩེས་ཐར་བའི་སྲོག་སྦྱིན་པའི། །ཡང་དག་དགེ་བའི་བཤེས་ཀྱི་མགོན་ནི་མེད། །ཆོས་མཐུན་མིག་ལྟོས་འཆའ་བའི་གྲོགས་ནི་མེད། །རང་ལ་གདེངས་སུ་ཁེལ་བའི་ལྟ་སྒོམ་མེད། །དེ་སླད་བདག་གི་འགྲོ་བ་ཇི་ལྟར་འགྱུར། །ཀྱེ་ལགས་ཡབ་རྗེའི་སྲས་ཀྱི་ཐུ་བོ་ལགས། །ཀྱེ་ལགས་ཡོན་ཏན་ནོར་གྱི་ བང་མཛོད་ལགས། །ཀྱེ་ལགས་ཐུགས་བརྩེ་མཚུངས་པ་མེད་པ་ལགས། །ཀྱེ་ལགས་རིང་ནས་འདྲེས་པའི་མཛའ་བཤེས་ལགས། །རང་རྒྱུད་ལྕགས་ཀྱི་གོང་བུ་ངམ་གནག་ལ། །དུག་ལྔ་རྒྱ་མའི་གྲངས་འཛིན་འདི་བཞུ་སླད། །ལམ་རིམ་མེ་དཔུང་ཀུན་ཏུ་སྦར་བ་ཡི། །དམིགས་རྣམ་བུད་ཤིང་མི་འབྱོར་གྱི་ནར་ཡོད། །གཞན་རྒྱུད་ཡ་རབས་སྤྱོད་པའི་རི་གཟར་ངོས། །གྱེན་དུ་འདྲེན་པའི་ཐབས་མཁས་ཤེ་མོང་གིས། །གང་འབྲེལ་དོན་ཆེན་ལས་ལ་སྦྱོར་བ་ཡི། །གཞན་དོན་དགོས་པ་མི་ལྡན་གྱི་ནར་ཡོད། །ཡབ་རྗེ་མཆོག་རྣམས་སངས་རྒྱས་བསྟན་ལ་དད། །བསྟན་ལ་རི་མོར་བྱེད་ལ་བདག་མཁོས་ཆུང་། །དྲིན་ཆེན་མཆོག་རྣམས་འགྲོ་ཕན་ལས་ལ་དགྱེས། །འགྲོ་ལ་ཕན་པའི་བསམ་སྦྱོར་དེ་བས་དམན། །ཀྱེ་ཧུད་བདག་ནི་ལྡེར་བཟོས་བླ་མ་སྟེ། །ཀྱེ་ཧུད་བདག་ནི་རི་མོའི་མར་མེ་ཡིན། །རང་གི་དོན་མེད་གཞན་དོན་ག་ལ་ཡོད། །གཉིས་མེད་ཁྱི་རྒན་ང་འདྲ་གཟིགས་ལགས་སམ། །དད་གཤིན་དཀོར་གྱི་མི་གཙང་ཁོ་ནས་འཚོ། །དོན་མེད་བདག་འཛིན་གཞན་སྡང་ངུ་ཟུག་བྱེད། །བཟང་ངན་སྤྱོད་པའི་དྲི་རོ་མི་ཕྱེད་པའི། །བླུན་རྨོངས་ཁྱི་རྒན་ང་ལ་ཐུགས་རྗེས་གཟིགས། །སྔར་ཞིག་དམ་པའི་ཆོས་ཀྱི་ཆར་ཕབས་ཀྱང་། །དེང་སང་བཤད་སྒྲུབ་གཙང་མའི་ཆུ་རྒྱུན་གྱིས། །སྟོང་བའི་དམུ་རྒོད་འདུས་འཚོགས་སྤྱོད་ངན་གྱི། །དྲི་མ་བརྣག་པར་དཀའ་འདིར་ཐུགས་རྗེས་གཟིགས། །སྒྲ་ཚད་རིགས་པའི་རྣམ་འཕྲུལ་རེ་རེས་ཀྱང་། །གཞུང་བརྒྱའི་བང་མཛོད་ཕྱེ་དང་ལྷན་ཅིག་ཏུ། །བཟོ་དང་གསོ་བའི་སྣང་བ་འབུམ་བརྡལ་བའི། །དྲན་དབང་ཁྱེད་འདྲར་རྣམ་ཀུན་གློ་བ་དགའ། །ནང་དོན་གཞུང་བརྒྱ་ཐོས་པའི་རྣམ་གྲངས་ཀྱིས། །སྙིགས་དུས་ཐུབ་བསྟན་ཆུད་མི་ཟ་བའི་གཉེན། །ཁྱེད་འདྲས་རྒྱལ་བསྟན་ཆད་པའི་སྲོག་མཐུད་ཕྱིར། །སྦས་མཐའི་བསྟན་འགྲོ་ཉམ་ཐག་འདི་ལ་དགོངས། །ཁྱད་པར་ཟབ་གསང་ཆོས་ཀྱི་ལག་ལེན་བརྒྱ། །རྡོ་རྗེ་འཆང་དེའི་ཞལ་ལུང་དྲི་མ་མེད། །བློ་གྲོས་བུམ་པར་ཐོག་པ་ཁྱོད་ལགས་ན། །བྱམས་བརྩེའི་ཕྱག་གིས་གདུང་བ་སོལ་ཅིག་གུ། །བསྟན་དང་འགྲོ་ལ་ཕན་པའི་ཕྲིན་ལས་འོད། །པད་རྩ་ལྟར་དཀར་ཅིར་ཡང་འཛིན་པ་ཡི། །གང་སྐུ་ཟླ་བ་གཉིས་པའི་ཅོད་པཎ་མཆོག། །འཕེལ་འགྲིབ་མེད་པར་བརྟན་པར་བཞུགས་པར་ཞུ། །དེ་སྐད་གསོལ་འདེབས་ཚིག་གི་ཉམ་འབྱིན་པའི། །རང་སེམས་སྐྱོ་བོའི་གླུ་ཡི་རྒྱུད་མངས་འདི། །གསང་ཆེན་ཆོས་ཀྱི་སློབ་དཔོན་དེ་ཡི་དྲུང་། །དགའ་དད་སྤྲོ་བའི་ངང་གིས་ཅིར་ཡང་བརྡུང་། །ཞེས་ཞུ་འདེགས་མཚོན་རྟེན་ལྷ་རྫས་བཅས།

 

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།