སྙིང་པོ་མེད་ལ་མགོ་བོ་འཁོར་བ་ཡི། །སྐལ་ངན་རྣམས་ལ་ངོ་སྤྲོད་མཛད་འཚལ་ལོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 21:24:16     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

        དོན་དམ་དགེ་ལ་དོན་གཉེར་འདུན་པ་ཡིས། །ལྷག་བསམ་བཟང་པོས་ལྷག་པར་བརྩོན་པ་ཅན། །བསོད་ནམས་ཆེ་མངའ་བསོད་ནམས་མཐའ་ཅན་གྱི། །དགེ་བའི་བཤེས་དེའི་དགེ་ལེགས་མདུན་ས་ཆེར། །མང་དོན་མཚུངས་པར་བསམ་སྦྱོར་གོ་ལོག་པས། །མགོ་ལོག་ཞེས་གྲགས་འཇིགས་རུང་སྲིན་ཡུལ་དུ། །བྲེ་ཞབས་ཙམ་པའི་གཙུག་ལག་ཁང་འཛིན་པ། །ཆོས་ཀྱི་རྒྱ་མཚོ་ཞེས་བྱའི་མཆིད་འདི་གསོལ། །རིགས་བཟང་དད་ཅན་རྒྱུད་དུ་འཁྲུངས་གྱུར་ཏེ། །ཐེག་པ་ཆེན་པོའི་གླིང་ནས་ཡོན་ཏན་ནོར། །གང་དགོས་ཁུར་དུ་ཐོག་ནས་དད་ལྡན་ཚོགས། །དགེ་བའི་མགྲོན་དུ་འབོད་ལ་བདག་ཡི་རངས། །ཁྱོད་ཐུགས་འདི་སྣང་དགྲ་གཉེན་སྤོས་རྒྱའི་རིས། །མི་གཟིགས་ཆགས་མེད་དགེ་བའི་མེ་ཏོག་རྩེར། །བསླབ་གསུམ་ཟླ་འོད་དཀར་པོས་འཁྱུད་དོ་ཞེས། །སྒྲོགས་པ་ཡིད་ལ་འཆི་མེད་བཏུང་བའི་སྤུན། །ང་འདྲ་ལས་ངན་རླུང་གིས་བསྡུས་ནས་ནི། །ལན་གཅིག་རྙེད་པའི་དལ་རྟེན་མེ་ཏོག་ཀྱང་། །ཉེས་སྤྱོད་ཁྱི་ལུད་སྤུངས་པའི་མི་གཙང་རྫབ། །ཡུལ་ངན་ཕྱག་དར་ཁྲོད་དུ་སྐྱེས་འདིས་ནོངས། །དེ་ལྟ་ན་ཡང་རྒྱལ་བའི་ཕྲིན་ལས་ནི། །རྒྱ་མཚོའི་རླབས་བཞིན་དུས་ལས་མ་ཡོལ་ཏེ། །རྒྱལ་ཀུན་བཤེས་གཉེན་ཟོལ་དུ་བསྒྱུར་བ་ཡི། །རྗེ་བཙུན་ཆོས་རྗེའི་ཐུགས་རྗེས་ཕྱག་གིས་ཟིན། །ཀྱེ་མ་བཟང་པོའི་སྐལ་བ་འདི་གཅིག་སྟེ། །དེ་ཡང་མ་དག་སྣང་བ་ལྟར་ཞེན་ནས། །སྐྱོན་རྟོག་རླུང་གིས་འཁྱེར་ལ་ཁད་ཉེ་བས། །ཀྱེ་ཧུད་བདག་འདྲའི་ལས་ངན་སུ་ཞིག་ཡོད། །འཁོར་བའི་ཆུ་བོ་སྐྱེ་འཆིའི་རྦ་རླབས་ཅན། །ཉོན་མོངས་ཆུ་སྲིན་གདུག་པས་གང་བ་འདིར། །རྗེ་བཙུན་ཕྱག་གིས་བཟུང་ཡང་ཕྱིར་ཕྱིར་དུ། །བྱིང་བ་ང་ ནི་ཐར་བའི་རེ་བ་དཀའ། །ཀྱེ་ལེགས་དགེ་བའི་བྱ་བར་འདུན་པ་ཡིས། །བསོད་ནམས་ཟོང་བརྒྱ་འཕྲལ་འཕྲལ་སྡུད་པ་ཅན། །རྣམ་དཀར་ཆོས་ཀྱི་བང་མཛོད་ཁྱེད་ལྟ་བུའི། །མགོན་དང་བཅས་ན་ཕྱོགས་དེ་སྟོང་མ་གྱུར། །ཐུབ་བསྟན་ཉི་མ་ནུབ་རིར་གཞོལ་བའི་དུས། །སྙིགས་མ་ངན་དགུའི་རླུང་དམར་འཚུབ་པའི་ཁྲོད། །ཆོས་ཀྱི་སྒྲོན་མེ་སྦར་བ་དཀའ་མོད་དེ། །སྟོན་པའི་བཀའ་དྲིན་གསོ་ཕྱིར་འབད་པར་ཞུ། །བསླབ་གསུམ་སྦྲང་རྩིའི་ཁུ་བ་བཏུང་བ་ལ། །སྡེ་སྣོད་གསུམ་གྱི་མེ་ཏོག་བཏུ་དགོས་ཤིང་། །ད་ལྟ་རྒྱལ་བསྟན་ལུང་གིས་འཛིན་པའི་དུས། །ཡིན་ཕྱིར་སྡེ་སྣོད་འཆད་པའི་ཁུར་བཞེས་འཚལ། །ཁྱད་པར་རྒྱ་གར་མཁས་མང་གཙུག་གི་རྒྱན། །ཨ་ཏི་ཤ་ཞེས་ས་སྐྱོང་ལྷའི་བླ་མས། །གསོལ་བ་བྱང་ཆུབ་སེམས་ཀྱི་མངའ་བདག་དེས། །བོད་འདིར་བཞག་པ་སྐྱེས་བུ་གསུམ་གྱི་ལམ། །མགོན་པོ་སྤྱན་རས་གཟིགས་དབང་འབྲོམ་རྗེ་སོགས། །ཆོས་འདིས་མཁའ་ཁྱབ་འགྲོ་བའི་དཔལ་མགོན་དུ། །བྱིན་གྱིས་རླབས་དེ་དབུ་རུ་བྱང་ཕྱོགས་སུ། །བསྟན་པའི་ཉི་མ་ཡུན་རིང་ཤར་བའི་སྲོལ། །ཕྱི་དུས་འཇམ་དབྱངས་བླ་མ་ཙོང་ཁ་པས། །བདག་གིར་བཞེས་ཏེ་སྔར་ལས་ལྷག་པ་ཡི། །མདོ་རྒྱུད་ཀུན་གྱི་ཉིང་ཁུ་མཛད་པ་འདིར། །མཆོད་གྲྭལ་བཞུགས་པ་ཁོ་ནས་ཡིད་རེ་སྐྱོ། །བེའུ་འཕྲང་བའི་བ་ནི་མ་བཞོས་པར། །ཞག་འགར་བསྐྱུར་བ་འགྱོད་པའི་གནས་ཡིན་ན། །བསྟན་པའི་བཙས་འདི་མི་འཆད་མི་སྒོམ་པར། །རང་གར་བསྐྱུར་འདི་ཇི་ལྟ་བུ་ཞིག་ལགས། །དཔྱད་འཇོག་སྤེལ་མའི་འཇོ་ཐེབ་རེ་རེའི་ཀྱང་། །མངོན་མཐོའི་འོ་མངར་འཛད་མེད་འབྱུང་བའི་སྟེང་། །ངེས་ལེགས་མར་དང་རྣམ་པ་ཀུན་མཁྱེན་གྱི། །མར་གྱི་ཉིང་ཁུ་ཇི་འདོད་ལ་བའི་དཔྱིད། །ཆོས་མཆོག་འདོད་འཇོའི་བ་མོ་འདི་བཞག་ནས། །བཟླས་བརྗོད་འབད་འབུག་བྱེད་སོགས་ལུས་ངག་ལས། །སྙིང་པོ་མེད་ལ་མགོ་བོ་འཁོར་བ་ཡི། །སྐལ་ངན་རྣམས་ལ་ངོ་སྤྲོད་མཛད་འཚལ་ལོ། །སྲིད་ཞིའི་དབུལ་བ་སེལ་བའི་ནོར་གཅིག་པུ། །རིན་ཆེན་བྱང་ཆུབ་སེམས་འདི་ཡིན་ནོ་ཞེས། །བསྒོམ་པ་ལྟ་ཅི་ལན་རེ་བཤད་པའི་ཀྱང་། །ཐེག་པ་མཆོག་གི་བག་ཆགས་མི་འཕེལ་ལམ། །ཐོག་མཐའ་བར་ཏུ་གལ་ཆེའི་ཁྱད་ནོར་ཆེ། །སྙིང་རྗེའི་གདུགས་དཀར་གཅིག་གི་བསིལ་གྲིབ་ཏུ། །ངལ་གསོའི་རྒྱལ་སྲས་རེ་རེའི་ཡོན་ཏན་ལ། །སྨོན་པ་ཙམ་ཡང་ཞི་བདེ་ཐོབ་ལས་ལྷག། །དེ་སླད་རྣམ་དཔྱོད་རྫིང་བུར་འགྲོགས་པ་ཡི། །ལེགས་བཤད་དྲི་བཟང་ཐུལ་བའི་པདྨོའི་ཞལ། །ཟབ་རྒྱས་ལམ་རིམ་སྦྲང་རྩིའི་རྒྱན་གྱུར་ན། །སྐལ་བཟང་བུང་བ་ཅེས་ཀྱང་འཁོར་ཞིང་འོང་། །ཡང་དགོས་ཀླུ་དབང་ཟླ་བ་ལས་འོང་བས། །སྲིད་རྩ་གཅོད་པའི་རལ་གྲི་ལྟ་བ་ལ། །དྲི་མེད་རིགས་པས་བྱི་དོར་བྱས་པའི་གཏམ། །མི་བྲལ་འཇམ་མགོན་རྗེས་འཇུག་ཇི་ལྟར་འོང་། །སྣང་བ་བཙལ་ན་མི་རྙེད་སྟོང་བར་འགྲོ། །སྟོང་པ་ཉིད་དུ་བཞག་ཀྱང་སྣ་ཚོགས་སྣང་། །སྣང་སྟོང་རོ་གཅིག་མི་བདེན་རྫུན་པོ་ཆེའི། །སྒྱུ་མའི་ལྟད་མོ་གསུངས་པ་གཟིགས་སམ་ཅི། །ཡོད་ཅེས་བྱས་ན་གང་ཡང་གར་ཡང་མེད། །མེད་ཅེས་བྱས་ན་ཅི་ཡང་ཅིར་ཡང་སྣང་། །ཡོད་མེད་ལས་འདས་བརྗོད་པའི་ཡུལ་མིན་པ། །དེ་འདྲ་ངོ་མཚར་མི་བརྗོད་རང་དབང་ཅི། །ཐ་སྙད་པིར་གྱིས་བྲིས་པ་ཁོ་ན་ཡི། །ཤེས་བྱའི་རི་མོ་གང་དང་གང་ཡོད་པ། །དེ་དེ་ཙམ་ཞིག་མིང་ཙམ་དེར་བསྟུན་ནས། །ཡོདཡོད་སྨྲ་བའི་ཡབ་རྗེའི་ལུགས་བཟང་འདི། །བྲག་ཆ་ལྟ་བུར་རྗེས་སུ་ཟློས་ཙམ་ཡང་། ། ཤེར་ཕྱིན་ཟབ་མོའི་རིགས་སྔགས་ཡིན་པའི་ཕྱིར། །སྡུག་བསྔལ་ཟུག་རྔུ་བསྐྱེད་པའི་བདག་འཛིན་སྨྲ། །གསོས་པའི་སྨན་མཆོག་ཟླ་མེད་ལེགས་ཞེས་གསུངས། །དེ་སླད་ཕྱོགས་དེའི་མུན་པ་འཇོམས་པའི་སླད། །ལྷག་མཐོང་འོད་དཀར་འཕྲོ་བའི་ཟབ་རྒྱས་ཀྱི། །དམ་ཆོས་ཟླ་བ་ཅིས་ཀྱང་འདྲེན་མཛད་ཅེས། །དམན་བུའི་ཐལ་མོ་སྦྱར་ཏེ་གུས་པས་གསོལ། །དེ་སྐད་གསོལ་བའི་ཞུ་མཆིད་མེ་ཏོག་ཚོགས། །དད་ཅིང་དགའ་བའི་སྙིམ་པའི་ཡོངས་བླངས་ཏེ། །དམ་པ་ཁྱེད་ཉིད་མཆོད་པའི་ཕྱིར་འབུལ་གྱིས། །དགྱེས་པར་བཞེས་ནས་སླད་ཀྱང་བརྩེ་གཟིགས་མཛོད། །ཅེས་ཟླ་༩ཚེས་༡༧ལ་སྙན་མོ་རི་ནས་ལྷ་རྫས་བཅས་གུས་པས་ཕུལ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།