​རྗེ་བཙུན་འཇམ་པའི་དབྱངས་ལ་ཞུ་འཕྲིན་དུ་གསོལ་བ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 21:06:24     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

སངས་རྒྱས་ཀུན་གྱི་ཡེ་ཤེས་གཞོན་ནུའི་སྐུ། །ཉིན་བྱེད་འཆར་ཁའི་མདངས་ལ་འགྲན་བཞིན་དུ། །རྨོངས་མུན་གཅོད་པའི་རལ་གྲིའི་ཕྱག་རྒྱ་ཅན། །རྗེ་བཙུན་འཇམ་དབྱངས་བླ་མ་རྒྱལ་གྱུར་ཅིག། །མཐའ་འཁོབ་བས་མཐའི་གནས་ཤིག་ན། །གཙུག་ལག་ཁང་ཆུང་བྲེ་ཞབས་ཙམ། །རྣམ་རྒྱལ་དགེ་ལྡན་བྱ་བ་དེར། །སྡེ་སྣོད་འཛིན་པའི་ཚོགས་དཔོན་ཚུལ། །ལྟར་སྣང་དགེ་སྦྱོང་ཤ་ཚུགས་ཅན། །དྷརྨ་སཱ་ར་ཞེས་བྱ་བ། །ཐུབ་བསྟན་སྙིགས་མར་སྤྱོད་པའི་དུས། །མར་འགྲིབ་མུན་པའི་རུམ་ཞིག་ཏུ། །ལས་ངན་རླུང་གིས་འཕངས་པའི་ཚེ། །འཇམ་དཔལ་གཞོན་ནུ་བཤེས་གཉེན་ཚུལ། །འཛིན་པ་དེ་ཡིས་རྗེས་བཟུང་སྟེ། །དམ་ཆོས་གྲུ་ཆར་ལེགས་ཕབ་ཀྱང་། །མི་སྲུན་ཡིད་ཀྱི་ཞིང་ས་ཉིད། །མ་དུལ་ཐ་མལ་ལུས་པའི་སྐབས། །རྟག་འཛིན་གདོན་གྱིས་བཤོལ་བཤོལ་ནས། །ཟབ་དང་རྒྱ་ཆེའི་ལུས་འཛིན་པའི། །ཐེག་མཆོག་ཆོས་ཀྱི་གོ་ཡུལ་གྱི། །རྟོགས་པ་ཞུ་བ་མ་བྱུང་བས། །ཕུ་ཐག་ཆོད་པ་མེད་གྱུར་ཅིང་། །ད་ལྟ་ཡུལ་དུས་གནས་སྐབས་འདིར། །ཐེག་པ་མཆོག་གི་གཏམ་གླེང་བའི། །དགེ་བའི་བཤེས་དང་གྲོགས་བྲལ་ཏེ། །གཅིག་པུར་རང་གི་གདོང་བ་ལ། །མཛུབ་མོ་བཙུགས་པའི་སྐྱོ་བའི་གླུ། །ཀུན་ཏུ་ 1གཟིགས་པ་ཐོག་མེད་པའི། །རྗེ་བཙུན་འཇམ་པའི་རྡོ་རྗེ་ལ། །དམན་ལ་གཟིགས་པ་འབབ་སྙམ་སྟེ། །ཞུ་འཕྲིན་ཚུལ་གྱིས་འདི་སྐད་གསོལ། །ཁ་བ་ཅན་གྱི་ཡུལ་འདི་རུ། །ལོ་པཎ་གྲུབ་ཐོབ་ངོ་མཚར་བས། །རང་རང་གདུལ་བྱ་ལ་དགོངས་ཏེ། །དྲངས་པའི་ཆོས་ལུགས་རྙིང་མ་དང་། །བཀའ་བརྒྱུད་ས་སྐྱ་ཇོ་ནང་སོགས། །ཀུན་ཀྱང་ཐུབ་པའི་རང་ལུགས་དང་། །གདུལ་བྱ་བཀྲི་བའི་ཐབས་ཡིན་ཞེས། །ཀུན་ལ་དད་གུས་སྦྱོང་བ་ལགས། །དེ་ལས་རང་གི་འཇུག་ངོགས་ནི། །བསྟན་པ་སྤྱི་ཡིས་དབང་བྱས་ལ། །ཐུབ་པའི་ལུགས་བཟང་ཡོངས་རྫོགས་པ། །བཀའ་གདམས་གསར་རྙིང་འདི་ཡིན་སྙམ། །ཀུན་ནས་དད་པའི་མེ་ཏོག་ཕྲེང་། །ཆོས་བརྒྱུད་དེ་ལ་ལེགས་ཕུལ་ཏེ། །རྣམ་ཐར་གཙང་མའི་ཕ་ཕོག་གི །ཆ་ཤས་འཛིན་ལ་བདག་སྤྲོ་སྟེ། །ཡུལ་དུས་ས་ཕྱོགས་ཕ་མེས་རབས། །སྔོན་གྱི་ལུགས་སྲོལ་འདི་ཡིན་ཞེས། །ཨུ་ཚུགས་བྱེད་མཁན་མང་ན་ཡང་། །དེ་ཀོ་བླུན་པ་མ་ལགས་སམ། །རྒྱལ་བ་སྲས་བཅས་ལས་འོངས་པའི། །དམ་ཆོས་གདུངས་སེལ་བདུད་རྩིའི་ཆབ། །འདྲེན་མཛད་བཤེས་གཉེན་ཡུར་བ་ཆེ། །འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི། །རྩ་བཟང་ཡང་ཡང་བསྔགས་པ་དང་། །ཁྱད་པར་ཐེག་པའི་གོ་རིམ་བཞིན། །ཇི་ལྟར་བལྟ་དང་ཇི་ལྟར་བསྟེན། །རིམ་པས་ཟབ་ལ་འཕྲིགས་ཚུད་དེ། །འདུལ་བར་བླ་མ་མཁན་སློབ་ལ། །སངས་རྒྱས་ཀྱི་ནི་འདུ་ཤེས་དང་། །ཕར་ཕྱིན་ཐེག་པ་ཐུན་མོངས་སུ། །བླ་མ་སངས་རྒྱས་སྤྲུལ་བ་དང་། །རྡོ་རྗེ་ཐེག་པ་ཐུན་མིན་ལུགས། །སངས་རྒྱས་བླ་མའི་སྤྲུལ་བ་སྟེ། །དཀྱིལ་འཁོར་གཙོ་དང་རིགས་དྲུག་པ། །བླ་མ་ལས་གཞན་མེད་ལགས་སམ། །ཁྱད་པར་རྡོ་རྗེ་ཐེག་པ་འདིའི། །ཤྭ་ལོ་ཀ་ཞིག་གནང་བ་ཚུན། །རྡོ་རྗེ་སློབ་དཔོན་ཆེན་པོ་ཞེས། །སངས་རྒྱས་ཀུན་གྱི་ངོ་བོར་གསུངས། །དེ་ལ་རྡོ་རྗེ་མི་ཕྱེད་པ། །ཐོགས་པ་མེད་པའི་དོན་ཅན་གྱི། །ཐེག་པ་བླ་ན་མེད་པ་འདིས། །བཀྲི་བས་དེ་སྐད་བརྗོད་ལགས་སམ། །རྒྱལ་བ་རྣམས་ཀྱང་སེམས་ཅན་ཀུན། །གོ་འཕང་མཆོག་ལ་དགོད་པ་ཡི། །བྱ་བ་གཅིག་ཏུ་ཞུགས་པ་ལ། །སངས་རྒྱས་ཀུན་འདུས་ཟེར་ལགས་སམ། །མདོ་དང་རྒྱུད་ཀྱི་དབྱེ་བ་དང་། །དེ་བཞིན་དེ་ཡི་བརྗོད་བྱའི་དོན། །རྣམ་མང་གང་དུ་གཞོལ་བའི་ཡུལ། །མཐར་ཐུག་དོན་དམ་བྱང་ཆུབ་སེམས། །སྐུ་དང་ཡེ་ཤེས་མི་ཕྱེད་པ། །ཐོག་མེད་ནམ་མཁའི་མཚན་ཉིད་ཅན། །ཟུང་འཇུག་ཞེས་བྱར་གྲགས་པ་ཡི། །དོན་འདི་ངེས་དོན་རྡོ་རྗེ་སྟེ། །དེ་ལ་གཉིས་སྣང་འཁྲུལ་བའི་ཆ། །གང་གིས་བཞག་པའི་བདེན་འཛིན་བློ། །དག་པའི་འོད་གསལ་ཕྱག་རྒྱ་ཆེ། །སྤྲོས་མེད་འདི་ལྟས་འཇུག་དགོས་སམ། །སྤྲོས་མེད་དེ་ལ་བདེ་ཆེན་ཀྱི། །སྒྱུ་མའི་སྤྲོས་པ་སྔར་མེད་པ། །བསྐྱེད་དེ་དེ་བཞིན་གཤེགས་པའི་ཚོགས། །བསད་པར་བྱ་བ་མ་ཡིན་ནམ། །སྒྱུ་མ་གང་གིས་བསྐྲུན་པའི་སྔགས། །སྙིང་གིས་རྡེའུ་མི་ཤིག་པར། །དད་པའི་སེམས་ཀྱི་བཞོན་པ་ནི། །བསྡུས་ཏེ་བེམ་རིག་བྲལ་དགོས་སམ། །སྡུད་བྱེད་ལ་ནི་ཐུན་མིན་ལམ། །ཉི་ཁྲི་ཆིག་སྟོང་ཁྱབ་བྱེད་རླུང་། །རྡོ་རྗེ་གསུམ་གྱི་གདངས་ཉིད་དུ། །བཀུག་པའི་བཟླས་བརྗོད་དགོས་ལགས་སམ། །དེ་ལ་བྱང་སེམས་ཞུ་བ་ལས། །བྱུང་བའི་བདེ་ཆེན་སྟོང་སྦྱར་བ། །རིགས་བརྒྱ་རིགས་ལྔ་རིགས་གཅིག་པའི། །མ་བཅོས་རྣལ་འབྱོར་དགོས་ལགས་སམ། །མ་བཅོས་པ་ལ་བཅོས་མ་ཡི། །ད་ལྟ་ཉིད་ནས་སྐུ་གསུམ་དུ། །བསྐྱེད་པའི་རྣལ་འབྱོར་ཟབ་མོ་ལས། །རང་རྒྱུད་སྨིན་པ་གཅེས་ ལགས་སམ། །འདི་ལ་གདུལ་བྱའི་བློ་རིམ་གྱིས། །ཟབ་གསལ་གཉིས་མེད་ཐུན་མོང་དང་། །ཐུན་མོང་མིན་པ་ཡོངས་འབྱེད་པའི། །རྒྱུད་སྡེའི་རྣམ་གྲངས་གསུངས་ལགས་སམ། །དེ་ལྟར་སྐུ་གསུམ་དཀྱིལ་འཁོར་འཁོར་ལོ་རུ། །དངོས་སུ་ལྡང་བའི་སེམས་མཆོག་བླ་མེད་པ། །དོན་གཉིས་གཉིས་ལྡན་ཐེག་ཆེན་ཆོས་ཀྱི་སྒོ། །རིན་ཆེན་བྱང་ཆུབ་སེམས་འདི་ཡིན་ནམ་ཅི། །ཡོད་ན་དེས་ཆོག་རླབས་ཆེན་ཚོགས་སྡུད་ལ། །མེད་ན་ཐབས་ཆགས་ཐེག་ཆེན་གཞི་སྟོར་བས། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དམ་མཐིལ། །སེམས་མཆོག་འདི་འདྲ་ངོ་མཚར་ཆེ་ལགས་སམ། །གྲངས་མེད་ཚོགས་དང་སྐུ་གསུམ་ཡོན་ཏན་ཆ། །འཕྲིན་ལས་འཇིག་རྟེན་བདེ་ལེགས་ཅི་མཆིས་པ། །སྐྱེད་བྱེད་འདོད་དགུའི་གཉེན་གཅིག་རིན་ཆེན་སེམས། །འདི་ཉིད་ཁོ་ན་གཙོ་བོར་འཛིན་དགོས་སམ། །སེམས་མཆོག་འདི་ལ་ཐབས་ཀྱི་ནི། །ཡན་ལག་སྐྱེས་བུ་ཆུང་འབྲིང་གི། །ཆོས་སྐོར་དང་ནི་ཐུན་མོང་བའི། །ལམ་གྱི་རིམ་པ་གཉིས་ཡོད་དམ། །འདི་ཡིས་སྒྲིབ་པ་སྤོང་བའི་གྲོགས། །ཤེས་རབ་ཀྱི་ནི་ཡན་ལག་ཏུ། །གྲུབ་མཐའ་རྣམ་བཞིའི་འོ་མའི་རྒྱུན། །ལུང་དང་རིགས་པས་བསྲུབ་པ་ལས། །བྱུང་བའི་དམིགས་གཏད་བཤིག་པའི་བློ། །རང་བཞིན་མེད་པ་རྟོགས་པའི་མར། །སྤྲོས་པའི་ཟུག་ངུ་གཅོད་པའི་སྨན། །ཤེས་རབ་ཕར་ཕྱིན་དགོས་ལགས་སམ། །དེ་ཡང་ད་ལྟ་གང་སྣང་བའི། །ཆོས་འདི་རྣམས་ལ་དཔྱད་པའི་ཚེ། །རྙེད་དུ་བཏུབ་ལ་མ་ཡིན་པས། །ཡུལ་གྱི་ངོས་ནས་གཞལ་བ་ན། །གང་ཡང་མེད་ལ་གང་ཡང་མིན། །ཐོགས་མེད་ནམ་མཁའ་སྟོང་བ་བཞིན། །དམིགས་པའི་གཏད་སོ་མི་འདུག་པ། །གནས་ལུགས་མཇལ་བ་ཡིན་ནམ་ལགས། །འཇོག་ལ་གང་ཡང་མི་འདུག་ཀྱང་། །མིང་རྐྱང་ཁོ་ནས་ཕར་བཞག་པའི། །ང་ཁྱོད་འཁོར་འདས་ལ་སོགས་པ། །མ་བརྟགས་རང་གར་འཇོག་ལགས་སམ། །དེ་འདྲའི་རྣམ་བཞག་ཙམ་པོ་འདིར། །རྒྱུ་ཡིས་འབྲས་བུ་སྐྱེད་པ་སོགས། །ཐ་སྙད་ཆོས་ཀྱི་སྤུ་རིས་ཀུན། །བསླུ་མེད་ངེས་ཤེས་འདྲོང་དགོས་སམ། །གང་ཞིག་སྒྲུབ་དང་གང་གིས་ལེགས་སྒྲུབ་ཏེ། །རྒྱུ་འབྲས་ཐེག་པ་གཉིས་ཆར་སྡུད་བྱེད་པའི། །ལམ་མཆོག་རིན་ཆེན་སེམས་གཙོ་འདི་ཁོ་ནས། །མངོན་པར་འགྲོ་ལ་རྒྱལ་སྲས་ཟེར་རམ་ལགས། ཕྱི་མ་དང་ནི་ཐར་བ་ལ། །དོན་གཉེར་བསམ་པས་གཞི་བྱས་ཏེ། །སྐྱབས་འགྲོ་ཚུལ་ཁྲིམས་སོགས་ཀྱི་རྐྱེན། །འཚོགས་པས་རིན་ཆེན་སེམས་སྐྱེ་ལ། །གསང་སྔགས་བླ་ན་མེད་པ་ཡི། །ལམ་གྱི་སྙིང་པོ་བདེ་བ་ཆེ། །ཐུན་མོང་ཐུན་མོང་མིན་པ་ཡི། །ཐབས་ཀྱིས་བསྒྲུབ་པའི་འོད་གསལ་སེམས། །གཉིས་སྣང་འཁྲུལ་བའི་གཡའ་འཛིན་པའི། །རགས་སེམས་གློ་བུར་བ་ཡི་ཁམས། །སྦྱོང་བྱེད་ཀུན་རྟོག་ཟ་བའི་ལམ། །གཉིས་སྤྲོད་ཆགས་པའི་བདེ་བ་ནི། །ལམ་དུ་བྱེད་པ་ལས་འོང་བས། །རྒྱུ་མིང་འབྲས་བུ་ལ་ཆགས་པ། །འདི་ནི་རིན་ཆེན་སེམས་ཀྱི་རྒྱུད། །ཤིན་ཏུ་བྱི་དོར་གྱིས་སྦྱངས་པས། །གནས་སྐབས་མཆོག་ཏུ་གྱུར་པ་སྟེ། །དངོས་སུ་རྫོགས་བྱང་ཉིད་དུ་ནི། །བཞེངས་པས་རྒྱུ་འབྲས་མི་ཕྱེད་པས། །རྡོ་རྗེ་ཐེག་པར་བརྗོད་ལགས་སམ། །དེ་ལྟར་བྱས་ན་ལམ་གྱི་གཙོ་བོ་དང་། །དེ་ཡི་ཡན་ལག་ཕལ་བ་དམིགས་ཕྱེད་དེ། །རྒྱུ་འབྲས་ཐེག་པ་ཀུན་ཚང་མ་ནོར་བའི། །སྙན་བརྒྱུད་མན་ངག་ཡིན་སྙམ་ཡིན་ནམ་ཅི། །ཨ་ཏི་ཤ་དང་རྒྱལ་བའི་འབྱུང་གནས་ཀྱི། །ལུགས་བཟང་ཆེ་བ་བཞི་ལྡན་ངོ་མཚར་བར། །འཇམ་མགོན་ཆོས་ཀྱི་རྒྱལ་པོས་བསྔགས་པའི་ སྲོལ། །འདི་ལྟར་ཡིན་ནམ་རྗེ་བཙུན་མཁྱེན་པའི་གཏེར། །དབུ་ཕར་གཞུང་དང་བརྒྱུད་པའི་མན་ངག་དང་། །མདོ་སྔགས་རྣམ་གྲངས་གང་ཡང་ཉན་སེམས་ཀྱང་། །གནད་དོན་བྱང་ཆུབ་སེམས་འདི་ཁོ་ན་རུ། །འབབ་པར་གོ་འདི་རྣམ་དག་ཡིན་ནམ་ཅི། །དེ་ལྟར་ཉམས་སུ་ལེན་པའི་སྐབས། །དངོས་གྲུབ་གཉིས་ཀྱི་གཞིར་གྱུར་པའི། །ལམ་སྲོག་དམ་ཚིག་བསྲུང་དགོས་ཞེས། །ནན་ཏན་གདམས་པ་ཡིད་ལ་འཁུམ། །དེ་ལྟར་བྱས་ན་རྒྱལ་བའི་བསྟན། །ཡོངས་སུརྫོགས་པའི་ཉམས་ལེན་ཀུན། །ཐུན་རེས་ཀྱང་ནི་བསྐྱངས་པ་ཡིས། །དལ་རྟེན་དོན་ལྡན་འགྱུར་ལགས་སམ། །གྲངས་ཙམ་ལྷུར་ལེན་བཟླས་བརྗོད་དང་། །རྒྱལ་ཁམས་ཉིད་ལས་གནས་སྐོར་དང་། །ལྟར་སྣང་ཆོས་བརྫུའི་དགེ་སྦྱོར་གྱིས། །བསྐྲུན་དུ་ཡོད་མེད་ཇི་ལྟར་ལགས། །ལམ་གྱི་ངོ་བོ་ནོར་བ་དང་། །གྲངས་ལ་ཆད་ལྷག་ཕྱོགས་རེ་བ། །གང་ཟིན་གོ་རིམ་མེད་པ་སོགས། །མངོན་པར་རྟོགས་པ་སྐྱེ་བའི་གེགས། །ཡིན་ཞེས་བཀའ་དང་དགོངས་འགྲེལ་ཀུན། །གཅིག་ཏུ་མཐུན་པར་གསུངས་པའི་ན། །འདི་ལྟར་མཛད་ན་བདེ་བླག་ཏུ། །རྟོགས་པ་འཁྲུངས་བ་ཡིན་ལགས་སམ། །ཐོག་མར་གསེར་ནི་བསྒྲུབ་པ་བཞིན། །ཕར་ཕྱིན་ཐེག་པའི་སྟ་གོན་གྱིས། །དེ་ལ་རྒྱན་བཅོས་པ་བཞིན་ཏུ། །རྫོགས་བྱང་སྦྱང་བ་སྔགས་ཀྱི་ཚུལ། །སྟན་ཐོག་གཅིག་གི་ཉམས་ལེན་དུ། །འདུན་པའི་དགེ་ལྡན་སྙན་བརྒྱུད་ལུགས། །འདི་ལ་ཁོ་བོ་ཆེས་སྤྲོ་བས། །ཡང་ཡང་སྨོན་གནས་བྱེད་པ་ལགས། །ཇི་སྐད་གསོལ་བ་འདི་དག་ཀུན། །ཐུབ་པའི་རིང་ལུགས་དྲི་མེད་བསྟན། །ཡིན་ན་སླར་ཡང་ངེས་ཤེས་སྒོ།དབྱར་གྱི་ཆུ་བཞིན་སྩལ་དུ་གསོལ། །འདི་ལ་བློ་སྐྱོན་ཀྱིས་སྦགས་པ། །གང་མཆིས་ཁྱོད་ཀྱི་བྱིན་རླབས་ལས། །ཉི་མས་མུན་སྟུག་བསལ་བ་བཞིན། །མྱུར་དུ་སེལ་བར་མཛད་དུ་གསོལ། །ཁྱོད་ནི་རྒྱལ་བ་ཐམས་ཅད་ཀྱིས། །མཁྱེན་རབ་ཕུང་པོ་ལྷག་པའི་ལྷར། །བཞེངས་ཏེ་འགྲོ་བའི་གཏི་མུག་མུན། །བསལ་བའི་བྱེད་པོ་བསྔགས་གྱུར་ན། །བདག་ནི་མི་སྲུན་མཐའ་འཁོབ་དུ། །སྐྱེས་དེ་ལམ་སྟོན་བཤེས་བྲལ་བས། །ཤིན་ཏུ་ཉམ་ཐག་ཚུལ་དགོངས་ལ། །བྱིན་རླབས་ཕྱག་རྒྱའི་དབུགས་འབྱིན་མཛོད། །དེ་སྐད་རྗེ་བཙུན་མཆོག་གི་སྤྱན་སྔ་རུ། །གསོལ་བའི་ཞུ་འཕྲིན་ཨུཏྤ་ལ་ཡི་ཕྲེང་། །བློ་གསལ་འབུམ་གྱི་མགུལ་བའི་རྒྱན་གྱུར་ཏེ། །རྒྱལ་བའི་བསྟན་པ་རིང་དུ་རྒྱས་གྱུར་ཅིག། །ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་ཞུ་འཕྲིན་དུ་གསོལ་བ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་མཉྫུའི་མཚན་ཅན་གྱིས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་པ་ལས་རྒྱལ་བའི་གསུང་རབ་སྤྱི་དང་བྱེ་བྲག་དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་ལ་དད་པ་ཅུང་ཟད་རྒྱས་པའི་དགེ་སྦྱོང་གི་གཟུགས་བརྙན་དྷརྨ་སཱ་ར་ཞེས་བྱ་བས་རང་གི་གོ་ཡུལ་རྗེ་བཙུན་ལ་ཞུ་འཕྲིན་གྱིས་བསྒྲིགས་པ་དགེ་ལེགས་འཕེལ། །དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།