དགེ་སྒྲུབ་སྡིག་སྤང་གི་གཏམ་ཐོས་པ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 20:59:38     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

              དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དྲིན་ཅན་བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །དམ་པའི་ཆོས་ལ་སྤྲོ་བའི་བག་ཆགས་ཅན། །ཁྱེད་ལ་ཕན་པའི་ཁ་ཏ་ཉུང་ངུ་བྱེད། །སྤྱིར་ན་མི་ལུས་ཐོབ་པ་ཤིན་ཏུ་དཀའ། །སྒོས་སུ་ཆོས་དང་འཕྲད་པ་དེ་བས་དཀོན། །དཀོན་བཞིན་དབུལ་པོས་ནོར་བུ་རྙེད་པ་བཞིན། །ཆོས་ལྡན་མི་ལུས་ད་རེས་ཐོབ་ན་ཡང་། །ཡུན་རིང་མི་སྡོད་འཆི་བདག་བསླེབ་ནས་འོང་། །དེ་དུས་བསྐྱངས་པའི་གཉེན་ནི་བསྐྱུར་དགོས་ལ། །འབད་པས་བསགས་པའི་རྒྱུ་རྫས་བཞག་ནས་ནི། །འཇིག་རྟེན་ཕྱི་མའི་ལམ་ཆེན་ལེན་དགོས་ན། །ཚེ་འདི་ལས་ནི་ཕྱི་མ་རྒྱུན་རིང་ཞིང་། །འགྲོ་བའི་གྲོགས་མེད་རང་ཉིད་གཅིག་པུ་ཡིན། །འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཤིན་ཏུ་ཆེ། །དེ་དུས་ཕན་འདོགས་མཁན་ཡང་སུ་ཞིག་ཡོད། །སྙིང་ལྟར་གཅེས་པའི་བུ་ཚ་ཤུལ་དུ་ལུས། །མཛའ་གདུང་ཆེ་བའི་ཆུང་མ་རྒྱབ་ཏུ་བསྐྱུར། །རིན་ཐང་ཅན་གྱི་ནོར་རྫས་གཞན་གྱིས་ཁྱེར། ཤ་ཁྲག་ལུས་ཀྱང་བྱ་ཁྱིས་ཟ་བའི་ཚེ། །དགེ་བའི་བྲོ་ག་མེད་ན་ལག་སྟོང་ཡིན། །ཆོས་ཀྱི་སྒྲོན་མེ་མེད་ན་མུན་ནག་ཡིན། །ཚུལ་ཁྲིམས་གོས་བཟང་མེད་ན་གཅེར་བུ་ཡིན། །དཀོན་མཆོག་མགོན་དུ་མེད་ན་སྐྱབས་མེད་ཡིན། །འཆི་བའི་དགྲ་འདི་དེ་རིང་བསླེབ་ཀྱང་ཆོག། རྒས་ནས་འཆི་བའི་ངེས་པ་གཏན་ནས་མེད། །ལུས་སྲོག་ཆུ་ཡི་ལྦུ་བ་ལྟ་བུར་གསུང་། །ཡུན་རིང་གསོན་སྙམ་སྡིག་པ་བྱེད་མི་རུང་། །ཚེ་འདིའི་བདེ་སྡུག་འདོར་ལེན་གལ་ཆེ་ན། །ཕྱི་མས་བདེ་སྡུག་དེ་བས་བརྒྱ་འགྱུར་ཡིན། །ཕྱི་མའི་འགྲོ་ལམ་ད་ནས་མ་བསམ་ན། །ངན་སོང་སྡུག་བསྔལ་འཕྲང་རིང་ཆོད་པར་དཀའ། །དམྱལ་བའི་ཚ་གྲང་སྡུག་བསྔལ་བཟོད་བླག་མེད། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡ་རེ་ང་། །དུད་འགྲོ་གླེན་ལྐུག་བཀོལ་སྤྱོད་ཚབས་ཆེ་བ། །ངན་སོང་སྡུག་བསྔལ་འཕྲང་ལ་ཅི་བྱེད་སེམས། །འཕྲང་དེ་གཅོད་པའི་སྔོན་གྱི་བསུ་མ་དང་། །རྒྱབ་ཀྱི་སྐྱེལ་མ་ནམ་ཡང་མི་བསླུ་བ། །དཀོན་མཆོག་རིན་ཆེན་རྣམ་གསུམ་ཞེས་གྲགས་པ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་པོ་ཡིན། །འདི་ལ་མ་བསྟེན་འཚང་བའི་ཐབས་མེད་ལ། །འདི་ཉིད་མིན་པའི་མགོན་སྐྱབས་གཞན་ཡོད་མིན། །དེ་བས་དེང་སང་རང་དབང་ཡོད་དུས་འདིར། །དཀོན་མཆོག་སྐྱབས་ལ་འབྲེལ་ཐག་གང་ཟབ་ཀྱིས། །མི་བསླུ་མཆོག་གསུམ་སྐྱབས་ཀྱི་ཁྱད་ཆོས་ནི། །ཁོང་རང་འཇིགས་སྐྲག་སྡུག་བསྔལ་ཀུན་ལས་གྲོལ། །བདུད་སྡེ་བྱེ་བའི་དམག་ཚོགས་བསྡུས་པ་ཡི། །དགའ་རབ་དབང་ཕྱུག་དཔུང་གིས་མ་ཐུབ་རྒྱལ། །སྐྱེ་འཆི་གཉིས་སྤངས་གཏན་གྱི་བཙན་ས་ཟིན། །ནམ་ཡང་མི་འདོད་འཁོར་བའི་ཉེར་འཚེ་མེད། །རེ་ཞིག་རྣམ་སྨིན་བདེ་བས་ང་རྒྱལ་བའི། །འཇིག་རྟེན་ལྷ་ཀླུའི་སྐྱབས་དང་འདི་མི་འདྲ། །འོ་སྐོལ་འཇིགས་དང་སྡུག་བསྔལ་ལས་གྲོལ་བའི། །འདྲེན་པའི་ཐབས་ལ་འདི་ལས་མཁས་པ་མེད། །མཆོག་དམན་ཀུན་ལ་སྤྱིར་ན་ཐུགས་རྗེ་ཆེ། །སྒོས་སུ་དམན་པ་རྣམས་ལ་ལྷག་པར་བརྩེ། །ཕར་ལ་ཕན་བཏགས་མ་བཏགས་ལ་ལྟོས་ནས། །མགོན་སྐྱབས་མཛད་དང་མ་མཛད་ཁྱད་པར་མེད། །དེ་འདྲའི་སྐྱབས་བཟང་ཀུན་ལ་ཐུན་མོང་དུ། །ཉིན་མཚན་དུས་དྲུག་གཟིགས་ནས་ཡོད་ལགས་ཏེ། །འཁོར་བའི་སེམས་ཅན་ཅི་ཙམ་སྡུག་བསྔལ་གྱིས། །མནར་བ་འདི་ལ་སྡུག་ཡུས་འདོན་མི་ཤེས། །དད་པའི་ཨ་ལུང་མེད་པའི་ལོག་ལྟའི་སེམས། །སྲན་ཟླུམ་ལྟ་བུར་འཛིན་པའི་ལུང་མེད་པས། །དཀོན་མཆོག་ཐུགས་རྗེའི་ལྕགས་ཀྱུས་དུས་དྲུག་ཏུ། །བཏབ་ཀྱང་མི་ཟིན་ངན་འགྲོའི་རྦབ་ལ་འཆོར། །ཀྱེ་མ་ཀྱེ་ཧུད་ལས་ངན་བླུན་པོའི་འགྲོ། །བདེ་བ་འདོད་ཀྱང་བདེ་བའི་འཇུ་ཐག་ལ། །མི་འཇུ་མི་འདོད་སྡུག་བསྔལ་གཅོང་རོང་རྒྱར། །བདེ་བར་རེ་ནས་རྒྱུག་པ་གོ་རེ་ལོག །ཚེ་འདིར་སྐྱིད་པའི་བསམ་པའི་དོན་འགྲུབ་ཅིང་། །ཕྱི་མར་བདེ་བའི་མཐོ་རིས་འགྲོ་འདོད་ན། །ཉིན་མཚན་མེད་པར་དཀོན་མཆོག་རིན་པོ་ཆེར། །ཁ་ཙམ་མིན་པར་གསོལ་བ་སྙིང་ནས་ཐོབས། །ཁྱོད་ཤེས་དད་པ་ནམ་ཡང་མི་འགྱུར་བར། །སྐྱིད་པོ་བྱུང་ན་དཀོན་མཆོག་དྲིན་དུ་སོམས། །སྡུག་པོ་བྱུང་ན་ལས་ངན་འབྲས་བུར་ལྟོས། །ཡིན་ཀྱང་དེ་ལྟར་ངེས་པར་ཡིན་པར་འདུག །སངས་རྒྱས་ཆོས་དང་དགེ་འདུན་རྣམ་གསུམ་ལ། །ཡིད་ལ་མི་འབྲལ་གསལ་འདེབས་ཡང་ཡང་སྒོམས། །ཕྱག་དང་མཆོད་པས་ཚོགས་གསོག་ནན་ཏན་གྱིས། །སྔར་བྱས་སྡིག་པ་སེམས་ཀྱི་སྟེང་དུ་ལོངས། །ཉེས་དམིགས་སེམས་ལ་འགྱོད་པས་བཤགས་སྡོམ་གྱིས། །ཕྱིན་ཆད་སྡིག་པར་དུག་བཞིན་འཛེམ་ལ་སྡོམ། །སྡིག་སྒྲིབ་འདག་ཕྱིར་གཟུངས་སྔགས་གང་ཤེས་སྦྱོངས། །སྡིག་པས་གནོད་འདྲ་གཞན་གྱིས་མི་གནོད་ལ། །དགེ་བས་ཕན་འདྲ་གཞན་གྱིས་མི་ཕན་པས། །དགེ་བ་བཅུ་དང་མི་དགེ་བཅུ་བོ་ལ། །དང་པོ་ངོ་ཤེས་དེ་ནས་འདོར་ལེན་དགོས། །ལུས་ཀྱི་མི་དགེ་གསུམ་དང་ངག་གི་བཞི། །ཡིད་ཀྱི་གསུམ་སྟེ་བཅུ་ཡོད་རེ་རེ་ཡང་། །འབྲས་བུ་རྣམ་པར་སྨིན་དང་རྒྱུ་མཐུན་གཉིས། །བདག་པོའི་འབྲས་བུ་དང་བཅས་བཞི་རེ་ཡོད། །དཀར་པོའི་དགེ་བ་བཅུ་ཡི་འབྲས་བུ་ཡང་། །རེ་རེ་ལ་ཡང་དེ་བཞིན་བཞི་བཞི་ཡོད། །དགེ་དང་མི་དགེའི་ལས་འདི་མ་གཏོགས་པ། །བདེ་དང་མི་བདེའི་རྒྱུ་གཞན་ཡོད་པ་མིན། །དེ་ཕྱིར་དེང་སང་རང་གི་སྤྱོད་ལམ་འདིར། །མི་དགེ་སྤོངས་ལ་དགེ་བའི་ལམ་དུ་ཞོག། །དཀོན་མཆོག་ནུས་མཐུ་ཤིན་ཏུ་ཆེ་ན་ཡང་། །རང་གི་ངོས་ནས་དགེ་སྡིག་ལས་འབྲས་ལ། །བླང་དང་དོར་བའི་ལག་ལེན་མ་བྱས་ན། །སྐྱོབ་པའི་ཐབས་མེད་ད་སྔའི་སྡུག་དང་འདྲ། །དེ་ལྟར་དཀོན་མཆོག་རྣམ་གསུམ་རིན་པོ་ཆེ། །ཅོད་པན་སྤྱི་བོའི་རྒྱན་དུ་བཅིང་བྱས་ཏེ། །ལས་འབྲས་བླང་དོར་ཞིབ་མོ་བྱས་གྱུར་ན། །མཐོ་རིས་ཁང་བཟང་གཏན་གྱི་ཕ་ཁྱིམ་ཡིན། །དེ་ལུགས་སེམས་ཀྱི་དཀྱིལ་དུ་ཞོག་མཛོད་དང་། །རང་དྲིན་རང་གིས་ལེགས་པར་ཆོད་པ་ཡིན། །འདི་ལྟར་བཤད་པའི་དགེ་བས་ང་དང་ཁྱོད། །རྟག་ཏུ་དགེ་བའི་ལམ་ལ་གཞོལ་བར་ཤོག། །ཅེས་དགེ་སྒྲུབ་སྡིག་སྤང་གི་གཏམ་ཐོས་པ་དོན་ལྡན་ཞེས་བྱ་བ་འདི་ཡང་དམ་པའི་ཆོས་ལ་མོས་པ་དམ་པ་ཞེས་པའི་ནན་ཏན་ཆེན་པོ་ནས་ཡང་ཡང་བསྐུལ་བ་ལྟར་རྗེ་བཙུན་སངས་རྒྱས་དངོས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོས་ལེགས་པར་བསྐྱངས་ཀྱང་ཆོས་དྲེད་དུ་སོང་བའི་སྙོམ་ལས་མཁན་དྷརྨ་སཱ་ར་ཞེས་བྱ་བས་བླ་མའི་གསུང་ཅུང་ཟད་བསྒྲིགས་པ་དགེ་ལེགས་འཕེལ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།