བློ་སྣ་ཆོས་ལ་བསྐུལ་བའི་གཏམ་ཡིད་དགའི་མེ་ཏོག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-23 21:02:28     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

               བླ་མ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྐལ་བཟང་སྙིང་གི་གྲོགས། །ཐུབ་བསྟན་རྒྱལ་མཚན་ལགས། །དགྱེས་བཞིན་ཚུལ་གསོན་དང་། །ཟབ་མོའི་འབེལ་གཏམ་བྱེད། །དེ་ཡང་ཆོས་དང་གང་ཟག་ལ་རིགས་པའི་རྣམ་པར་དཔྱད་ཚེ་ངར་འཛིན་ལྷན་སྐྱེས་ལ་སྣང་བའི་ང་དེ་ཕུང་པོའི་ཚོགས་པའི་སྟེང་ནས་གྲུབ་འདུག་སྟེ། ཚོགས་པ་ཉིད་ངའོ་སྙམ་ན། ལེགས་པར་རྟོགས་དཔྱོད་མཛོད་དང་། ངར་འཛིན་ལྷན་སྐྱེས་ལ་ནི་ཕན་གནོད་བདེ་སྡུག་གི་གནས་སུ་གྱུར་པའི་ང་རང་དབང་པ་ཞིག་ཧྲང་ངེར་འཆར་བ་གང་ཞིག། དེ་གང་ཡིན་བརྟགས་པས་ཕུང་པོའི་ཚོགས་པ་དེའི་མཚན་གཞིར་རྙེད་ན། ཚོགས་པ་ཉིད་ང་ཧྲང་ངེ་བ་དེར་འགྱུར་ལ། དེ་ལྟ་ན་ཚོགས་པ་ཉིད་ཀྱང་དུ་མ་འཚོགས་པ་མ་ཡིན་པར་འགྱུར་ཏེ། ངར་འཛིན་ལྷན་སྐྱེས་ལ་སྣང་ལུགས་ལྟར་གྱི་ང་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ལ་ང་སྣང་བའི་སྣང་ཚུལ་ནི་རང་དབང་བའི་གཅིག་ཏུ་འཆར་གྱི། དུ་མ་འཚོགས་པའི་ཚོགས་པའི་ལྡོག་པ་མི་སྣང་བའི་ཕྱིར་རོ། །དེ་བཞིན་དུ་ང་ཧྲང་ངེ་བ་དེ་ཡང་དུ་མར་འགྱུར་ཏེ། ཚོགས་པ་དང་ངོ་བོ་ཉིད་ཀྱིས་གཅིག་ཡིན་པའི་ཕྱིར། ཚོགས་པ་རང་གི་ཆ་ཤས་སུ་གྱུར་པའི་ཡ་གྱལ་རྣམས་ཀྱང་གཅིག་ཏུ་འགྱུར་ཏེ། ཆ་ཤས་དེ་དག་འཚོགས་པའི་སྟེང་ནས་ཚུར་ངར་འཛིན་ལྷན་སྐྱེས་དེ་ལ་རང་སྐྱ་བའི་ང་གཅིག་ཏུ་འཆར་བ་གང་ཞིག། ཤར་བ་ལྟར་མངོན་པའི་ཕྱིར་ཏེ། ཚོགས་པ་ངར་སྣང་བ་ལྟར་ང་ཡིན་པའི་ཕྱིར། རྟགས་ཁས།ཚོགས་པ་ཉིད་ཀྱང་དུ་མར་འགྱུར་ཏེ། ཚོགས་པ་རང་ཉིད་ཀྱང་གདགས་གཞིའི་ཚོགས་རྒྱུའི་ཆ་ཤས་རྣམས་ཀྱི་སྟེང་ནས་ཚུར་གྲུབ་པའི་ཕྱིར་ཏེ། ངའི་མཚན་གཞིར་ཡུལ་སྟེང་ནས་ཚུར་གྲུབ་པའི་ཕྱིར། རྟགས་ཁས། གོང་དུ་ཁྱབ་སྟེ། ཚོགས་པ་གདགས་གཞིའི་སྟེང་ནས་ཚུར་གྲུབ་ན་གཅིག་དང་ཐ་དད་གང་རུང་གི་གྲུབ་ཚུལ་ལས་མ་འདས་ལ། ཐ་དད་ལ་གནོད་བྱེད་མཐོང་བས་གཅིག་ཏུ་གྲུབ་སྙམ་པ་ལས་འོས་མེད་པའི་ཕྱིར། རྩ་བར་འདོད་ན། གང་ཟག་གཅིག་ལ་ཕུང་པོ་ལྔ་ཚོགས་ན་དུ་མ་ཡོད་པར་འགྱུར་བས་ཡང་དེ་སྙེད་དུ་འགྱུར་རོ། །དེ་ནི་ཤིང་རྟའི་དཔེ་དང་སྦྱར་ཚེ་ཡུལ་སྟེང་ནས་ཤིང་རྟ་ཇི་ལྟར་གྲུབ་དཔྱད་པས། འཕང་ལོ་སོགས་ཡན་ལག་འཚོགས་པ་ཉིད་ཤིང་རྟའི་མཚན་གཞིར་འདུག་གོ་སྙམ་ན། རྟོག་དཔྱོད་མཛོད་དང་། ད་ལྟ་བདེན་འཛིན་ལྷན་སྐྱེས་ལ་ཤིང་རྟ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་ཏུ་འཆར་ན།ཡན་ལག་ཚོགས་པ་ཉིད་དེ་ཡིན་ཚེ། ཤིང་རྟའི་ཡན་ལག་ཚོགས་པ་ཡང་ངོ་བོ་ཉིད་ཀྱིས་གཅིག་ཏུ་འགྱུར་ཏེ། བདེན་འཛིན་ལྷན་སྐྱེས་ལ་སྣང་བའི་ཤིང་རྟའི་མཚན་གཞིར་ཁྱོད་ཀྱིས་དེ་རྙེད་པའི་ཕྱིར། ཁྱབ་པ་གོང་དུ་གསལ། རྟགས་ཁས་བླངས།འདོད་ན། ཤིང་རྟའི་ཡན་ལག་ཚོགས་པ་ངོ་བོ་ཉིད་ཀྱི་གཅིག་ཡིན་ན། ཚོགས་རྒྱུའི་ཡན་ལག་སོ་སོ་ནས་ཀྱང་གཅིག་ཏུ་འགྱུར་ཏེ། དེ་ལྟ་ན་ཡན་ལག་ཚོགས་པ་ངོ་བོ་ཉིད་ཀྱིས་སམ་གདགས་གཞིའི་ཡུལ་སྟེང་ནས་ཚུར་གྲུབ་པར་སོང་ལ། དེ་ཚེ་འཕང་ལོ་སོགས་དང་གཅིག་དང་ཐ་དད་གང་རུང་ལས་མ་འདས་ལ། ཐ་དད་ལ་གནོད་བྱེད་མཐོང་སླ་བས་གཅིག་ཏུ་གྲུབ་སྙམ་དུ་སེམས་པར་འགྱུར་བའི་ཕྱིར། དེ་ལྟར་བཙལ་ན་ཡན་ལག་ཚོགས་པ་ཁོ་རང་ཡང་ཡུལ་སྟེང་ནས་མི་རྙེད་དེ། ཚོགས་རྒྱུའི་ཡན་ལག་རྣམས་དང་གཅིག་ཏུ་གྲུབ་ན་མི་འགྲིགས། དུ་མར་སྟེ་ཐ་དད་དུ་གྲུབ་ན་མི་འགྲིགས་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཡན་ལག་རྣམས་དང་གཅིག་ཏུ་གྲུབ་ན་ཡན་ལག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་མཉམ་ཡོད་པར་འགྱུར་ལ། ཡང་ན་ཚོགས་པ་གཅིག་ཡིན་པ་བཞིན་དུ་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར་རོ། །དེ་ཡང་ཡིན་ཏེ་ཚོགས་པ་དང་ཚོགས་རྒྱུའི་ཡན་ལག་རྣམས་གཅིག་ཏུ་གྲུབ་ན་ཡུལ་རང་གི་ངོ་བོ་ཉིད་ཀྱིས་གཅིག་ཏུ་གྲུབ་དགོས། རང་གི་ངོ་བོ་ཉིད་ཀྱིས་གཅིག་ཏུ་གྲུབ་པ་ལ་བློས་ཕར་གཅིག་ཏུ་བཞག་པ་ལྟ་བུ་སོགས་ལ་ལྟོས་པ་མི་རུང་བས་གང་ལ་ཡང་ལྟོས་མེད་ཀྱི་གཅིག་ཡིན་དགོས་ཤིང་། ལྟོས་མེད་ཀྱི་གཅིག་ལ་ཡན་ལག་དང་ཚོགས་པ་གང་ཟག་གི་འདུ་བྱེད་ལ་ལྟོས་པར་མི་རུང་བས་མཐར་མངོན་སུམ་དང་འགལ་ལ། གཞན་ཡང་དེ་འདྲའི་ལྟོས་པ་དང་འགལ་བའི་ངོ་བོ་ཉིད་ཀྱི་གཅིག་ཡིན་པ་ལ། གདགས་གཞི་ཡན་ལག་གི་ལྡོག་པ་ནས་ལྔ་དང་། བཏགས་ཆོས་ཚོགས་པའི་ལྡོག་པ་ནས་གཅིག་ཏུ་འཇོག་པ་སོགས་ཤིན་ཏུ་མི་འཐད་དེ། དེ་ལ་དེ་འདྲའི་རྣམ་དབྱེ་མི་རུང་བའི་ཕྱིར་ཏེ།ལྡོག་པའི་རྣམ་དབྱེ་བློས་ཕར་བཞག་ཙམ་ལ་རུང་གིས་ཡུལ་རང་གི་ངོ་བོ་ཉིད་ཀྱིས་ཚུར་གྲུབ་པ་ལ་སོ་སོར་རྟོག་པའི་ཤེས་རབ་ལ་འཆར་ལུགས་ཀྱིས་དབང་གིས་ཕར་བཞག་པའི་ལྡོག་པའི་རྣམ་དབྱེ་བྱེད་པ་ལུགས་སོ་སོར་འགྲོ་བའི་མི་རུང་བའི་ཕྱིར་ཏེ། དེ་གཉིས་འགལ་བ་ཡིན་པའི་ཕྱིར། དེར་མ་ཟད་ཤིང་རྟ་ཡུལ་སྟེང་ནས་རྙེད་ན་ཡན་ལག་ཚོགས་པའི་ངོས་ནས་ཤིང་རྟ་གྲུབ་པར་སྣང་བ་ལྟར་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་དོན་གནས་སུ་འགྲོ་བ་ཡིན་ལ། དེ་ཚེ་ཚོགས་རྒྱུའི་ཡན་ལག་དང་།ཚོགས་པ་རང་ཉིད་བཅས་བདེན་འཛིན་དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་འཇོག་དགོས་ན། བདེན་འཛིན་དེ་ལ་འཕང་ལོ་སོགས་ཡན་ལག་རྣམས་དང་། ཡན་ལག་གི་འཚོགས་པ་སོ་སོར་མི་སྣང་བའི་ཕྱིར་ཏེ། ཡན་ལག་རྣམས་ངོ་བོ་ཉིད་ཀྱིས་ཚོགས་པར་སྣང་བའི་ཕྱིར། དེ་ལྟ་ན་བློས་ཕར་བཞག་པས་གཅིག་ཏུ་སྣང་བའི་ཚུལ་ངོ་བོ་ཉིད་ཀྱིས་གྲུབ་པ་གཅིག་ཐ་དད་སོགས་མི་འདྲ་བ་དང་། ངར་འཛིན་ལྷན་སྐྱེས་ཀྱི་སྣང་ཚུལ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞལ་ཚུལ་སོ་སོར་མ་འདྲེས་པར་བྱེད་པ་གལ་ཆེ་སྟེ། དེ་མིན་ན་ཕར་རིགས་པས་གནོད་བྱེད་བསྟན་པ་ཚུར་རང་ལུགས་ཀྱི་ཐ་སྙད་ཀྱི་རྣམ་བཞག་ལ་འབད་པ་སོགས་དཀའ་མོ་ཡོད་དོ། །དེ་ལྟར་ཚོགས་པ་དང་ཡ་གྱལ་གང་གིས་ངོས་ནས་ཀྱང་ང་དང་ཤིང་རྟ་སོགས་མི་རྙེད་པར་འགྲོ་བའི་ཚེ་བློ་ངོར་གང་བཙལ་བའི་དོན་དེ་ཡུལ་སྟེང་ན་མེད་པའི་སྟོང་སངས་ནམ་མཁའ་ལྟ་བུ་ཞིག་ཨེ་འཆར་ལྟོས་དང་། འཆར་ན་དེ་སྟོང་ཉིད་རེད་ལགས། དེ་ལ་མྱུར་དུ་ཆད་པར་གོལ་འགྲོ་བས་ཐ་སྙད་རྟེན་འབྲེལ་གྱི་རྣམ་བཞག་ཙམ་དགོས་སྣང་མྱུར་དུ་སྐྱེ་སྟེ། དེ་ཅང་མ་རེད་ལགས། ལྟ་བ་དང་པོ་གཏན་ལ་འབེབ་དུས་ནས་བཀའ་སྲོལ་འདི་ལ་ཆད་པར་མི་གོལ་བའི་མན་ངག་ཅིག་ཡོད་ཀྱིས་དཔྱད་པའི་མཇུག་ཏུ་ཆད་པའི་གཉེན་པོ་མྱུར་དུ་འཚོལ་དགོས་ན་དཔྱད་མཐའི་སྟོང་སངས་དེ་ཆད་མཐའ་བསྒོམ་པར་ཁས་བླངས་བར་འགྲོ་འམ། སྟོང་བ་སེམས་ཀྱིས་མི་བརྗོད་པ་ཡིན་པས་སྟོང་བ་དེ་རྩལ་འདོན་གྱིས་ལ་རྒྱུན་སྐྱོང་ཅི་ནུས་སུ་མཛོད་དང་ག་ལ་སྐྱོན། སྟོང་སང་དེ་སྣང་ཡུལ་དུ་བྱས་ནས་དགག་བྱ་རང་བཞིན་གྱིས་མེད་པ་འཛིན་སྟངས་ཀྱི་ཡུལ་དུ་བྱས་པའི་བློས་ཤུགས་ཞན་ན་མཉམ་བཞག་སྐྱོན་ཅན་དུ་འགྲོ་བས་སླར་ཡང་བློས་ཟུར་གྱིས་དཔྱད་པ་དེ་བྱས་ན་སྟོང་སངས་དེ་ཉིད་ཡུལ་དུ་བྱེད་པའི་བློ་ཤུགས་ཅན་བསྐྱེད་པ་གནད་ཆེ་ཞེས་གསུང་སྒྲོས་ཡོད་པ་ཐུགས་གསལ་ལྟར་ལགས། དེ་ལྟར་དཔྱད་པས་ང་དང་ཤིང་རྟ་སོགས་གང་ནས་སྣང་འོང་སའི་གདགས་གཞི་ཕུང་པོ་དང་ཡན་ལག་གང་གི་སྟེང་ནས་རྡུལ་ཕྲ་མོ་ཙམ་མི་རྙེད་པ་ང་རང་བཞིན་གྱིས་མེད་གསུངས་པ་རེད། དེའི་ཤུལ་ན་ད་ཅི་ཞིག་ལུས་ཡོད་པ་ལྟས་ན་ངའི་མིང་དང་ཤིང་རྟའི་མིང་རྐྱང་པ་ཙམ་ཞིག་ལུས་ཡོད་པ་དེ་མ་གཏོགས་ཅི་ཡང་མེད་པ་ཞིག་ཡིན་འདུག། དེ་མིན་པར་ད་དུང་འདི་ལུས་ཡོད་སྙམ་པ་ཡོད་ན་དཔྱད་པ་ཅུང་ཞིག་ལམ་དུ་མ་སོང་བ་རེད། ཡང་དཔྱད་ལུགས་སྒྲོ་འདོགས་ཆོད་པ་བྱས་ནས་དཔྱད་དགོས། ངའི་ཤུལ་ན་ཕུང་པོ་ལྔ་དང་། ཤིང་རྟའི་ཤུལ་ན་འཕང་ལོ་སོགས་ལུས་འདུག་སྙམ་ན་མི་སྐྱོན། དེང་དཔྱད་པ་མ་བྱས་པའི་ཚེ་ང་དང་ཕུང་པོ་ཤིང་རྟ་དང་འཕང་ལོ་སོགས་བཟང་ངན་ཕྲ་རགས་མེད་པའི་ཤེས་བྱ་རེ་རེ་ཡིན་པ་ལ། ཕུང་པོ་དང་ཡན་ལག་ནི་གང་དུ་འཚོལ་སའི་གཞི་བྱས་ཏེ་ང་དང་ཤིང་རྟ་བཙལ་བས་འཚོལ་ས་དེ་ད་དུང་ལུས་ཀྱང་སྔར་འཚོལ་རྒྱུའི་ང་དང་ཤིང་རྟ་ནི་མིང་ཙམ་ཞིག་ལ་གཏུགས་བཏང་ཡོད་པས་རེད་སོང་བ་རེད། ཕུང་པོ་དང་ཡན་ལག་ལུས་པ་ཡང་དཔྱད་པ་ལམ་དུ་མ་སོང་བར་ལུས་པ་མ་རེད། དེ་དུས་དེ་བཙལ་བ་མ་ཡིན་པས་དེ་ག་ རང་གིས་ལུས་པ་རེད་ཀྱང་ཕུང་པོ་དང་། འཕང་ལོ་སོགས་ཇི་ལྟར་གྲུབ་རིགས་པ་ཁ་སྤོས་ན་སླ་མོ་ཡིན་རྒྱུ་རེད། བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་དག། །སོགས་གསུངས་པ་རེད། ལུས་ཡོད་མེད་བརྟགས་ཚེ་ཡང་སྔར་འཚོལ་རྒྱུ་ཁོ་རང་གི་ལྡོག་པའི་ཆར་གྱུར་པའི་དོན་མ་ཁེགས་པ་ག་འདྲ་འདུག་དཔྱད་རྒྱུ་ལས་དེ་དང་འབྲེལ་ཚད་སྟོང་པར་བྱེད་དགོས་ན་རིགས་པ་གཅིག་གིས་དཔྱད་ཐེབས་གཅིག་ལ་ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་རྟོགས་པར་འགྱུར་དགོས་པས་དེ་མདོ་དང་བསྟན་བཅོས་དང་འགལ་འགྲོ་བ་རེད་ལགས།  འོ། མིང་ཙམ་ཞིག་ལས་གང་ཡང་མ་ལུས་པའི་སྟོང་བ་ཡིན་རྒྱུ་དེ་བློ་རང་ག་བ་ཞིག་ལ་ཤར་བ་མིན། ཤིང་རྟ་ཆེན་པོའི་རིགས་ལམ་དྲང་པོས་ཡུལ་གྱི་སྡོད་ལུགས་ལ་དཔྱད་པའི་བྱེད་ལས་ལས་ཤར་བ་ཡིན་པས་དེ་ལ་རྫུན་དང་མིག་འཕྲུལ་ལྟ་བུའི་བསླུ་བའི་ཆོས་ཅན་ག་ལ་ཡོད། རྣམ་པ་ཀུན་ཏུ་མི་སྲིད་པས་བདེན་ཐག་ཆོད་ལོས་ཡིན། དེ་ཡིན་བཞིན་དུ་མིང་ཙམ་ལྷག་མར་ལུས་པ་མ་གཏོགས་གང་ཡང་རྙེད་རྒྱུ་མེད་པའི་ང་ངེས་པ་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བཞིན་སྟོང་པ་ཉིད་ལ་དཔྱད་ར་གཏོང་གི་འདུག་ན། དེ་ཡང་རྫུན་དང་མིག་འཕྲུལ་ག་ལ་ཡིན། རྣམ་བདུན་གྱི་རིགས་པས་བློ་གྲོས་ཀྱིས་བདེན་འཛིན་གྱི་ཤིང་རྟ་བསྲེག་ནས་མིང་ཙམ་ཁོ་ནར་གཏོང་བའི་རིང་དུས་དེ་ན་ཡང་ཡོ་བྱད་མང་པོ་སྐྱུས་ཏེ་རྟ་དང་བ་ལང་ཅི་རིགས་ཀྱིས་དྲངས་ཏེ་ལམ་གྱི་བཞི་མདོར་ཧྲག་ཧྲག་འགྲོ་བ་དེ་རྣམས་རྫུན་དང་མིག་འཕྲུལ་ག་ལ་ཡིན། དེ་ལྟ་ན་རྒྱུ་མཚན་དེ་ག་རང་གིས་ང་དང་ཤིང་རྟ་མིང་རྐྱང་པའི་ཕར་བཏགས་ཙམ་ཞིག་རེད་གསུང་པ་རེད། ཞིབ་ཏུ་བརྟགས་ན་ལོས་ཡིན། མིང་རྐྱང་བ་དེ་ལས་ང་དང་ཤིང་རྟ་ཡུལ་གྱི་ངོས་ནས་སྣང་བ་ལྟར་ག་ན་འདུག། ཇི་ལྟར་བཙལ་ཡང་མེད་གི་མོད། ཤིང་རྟ་འདྲེན་པའི་ཚེ་རྟོག་པས་ཕར་ཤིང་རྟ་ཞེས་བཞག་ནས་ཤིང་རྟ་ཁྱེར་ཤོག་ཟེར་ནས་ཡན་ལག་བསྒྲིགས་ཏེ་དྲངས་བས་ཤིང་རྟས་བྱ་བ་འགྲུབ་པ་རེད་དང་། དེ་དུས་བརྟགས་ན་ཤིང་རྟའོ་སྙམ་པའི་རྟོག་པ་དེ་དང་། ཤིང་རྟ་ཞེས་པའི་མིང་དེས་མ་ཚིམ་པར་ཤིང་རྟ་བཙལ་ན་ཨེ་རྙེད་ཀི་ལྟོས་དང་། མ་རྙེད་ན་ནི་དེ་དུས་ཀྱི་ཤིང་རྟ་དེ་རྟོག་པས་ཕར་ར་བཞག་ནི་ཙམ་ཞིག་དང་། མིང་གིས་ཕར་ར་བཏགས་པ་ཙམ་ཞིག་རེད་སོང་བ་རེད། ཙམ་སྒྲ་དེས་ཡུལ་སྟེང་ནས་རྙེད་རྒྱུ་ཡོད་པ་དེ་གཅོད་པ་རེད། འདི་མགོ་རྔ་བརྗེས་ནས་རྟོག་བཏགས་ཙམ་ཞིག་ཡིན་ན་ཡོད་པའི་ཁྱབ་མ་བསམ། ཡོད་ན་རྟོག་བཏགས་ཙམ་ཞིག་ཡིན་པའི་ཁྱབ་ཟེར་དགོས་ནི་རེད།དེའི་དོན་ཡང་ཡོད་ན་གདགས་གཞིའི་ངོས་ནས་མི་རྙེད་པས་ཁྱབ་ཅེས་དམ་བཅའ་བའི་དོན་རེད། འོ། དེ་མ་གཏོགས་རྟོག་པས་བཏགས་ཙམ་ཟེར་བ་དེ་ཐལ་འགྱུར་བའི་ལུགས་ལ་རྟོག་པའི་གང་བཅོས་དོན་གནས་རེད་འགྲོ་ནི་རེད་སྙམ་པ་དང་། ཐ་སྙད་དུ་ཡོད་མེད་ཀྱི་མཚམས་འབྱེད་རྟོག་པའི་བཏགས་མ་བཏག་གི་འཇོག་ནི་རེད་བསམ་ན་ཕུག་གིས་མ་གོ་བ་རེད། དེ་ལྟ་ན་མེ་གྲང་བར་བསྒོམ་ན་གྲང་། ཆུ་ཚ་བར་བསྒོམ་ན་ཚ་བ་དང་རི་བོང་ལ་རྭ་ཡོད་པར་རློམ་ན་ཡོད་འགྲོ་བ་སོགས་ཀྱི་སྐྱོན་ཡོད།གོང་ལྟར་ཤེས་ན་མུན་ཁྲོད་ཀྱི་ཀ་བ་རྟོག་པའི་བཏགས་ཙམ་ཡིན་ཀྱང་མགོ་བརྡུང་བའི་གང་ཟག་གིས་རྟོག་པའི་འདི་ན་ཀ་བ་ཡོད་སྙམ་པའི་བློ་སྔོན་དུ་འགྲོ་ག་ལ་དགོས།མགོ་རྡུང་བའི་གང་ཟག་གིས་ཀྱང་འདི་ན་ཀ་བའོ་སྙམ་པའི་བློ་མ་སྐྱེས་ཀྱང་མུན་ཁྲོད་ ཀྱི་ཀ་བ་དེ་དེའི་རྟོག་པའི་བཞག་ཙམ་ནི་ཡིན་ཏེ། དེའི་རྒྱུད་ལ་ཕྱིར་ཀ་འཛིན་གྱི་རྟོག་པ་ནི་ཡོད་པ་གཞིར་བཞག་བློ་དེས་འདི་བཞག་འདི་མ་བཞག་གི་ཁྱད་པར་འཇོག་དཀའ་ལ། དེ་ལྟ་བའི་ཀ་འཛིན་དེས་ཕར་བཞག་མིན་པའི་དོན་ཞིག་མུན་ཁྲོད་ཀྱི་ཀ་བ་དེ་ཇི་ལྟར་བཙལ་ཡང་མི་རྙེད་པའི་ཕྱིར་རོ། །རྟོག་པའི་བཏགས་ཙམ་གྱི་དོན་ཁྱེད་ཀྱི་ཞེ་འདོད་ལྟར་ཡིན་ན་དབང་ཕྱུག་གི་བློའི་གཡོ་བ་བཏང་ནས་སྣོད་བཅུད་བྱེད་པར་སྨྲ་བ་དང་མིང་གི་ཁྱད་པར་ཞིག་ལས་མེད་འགྲོ་བ་རེད། དེས་ན་མ་མཐོང་བའི་མུན་ཁྲོད་ན་གཡང་ས་ཡོད་ཆོག་སྟེ། རེ་ཞིག་གཡང་ས་སྒྲིབ་པའི་མུན་པའི་སྒྲིབ་བྱེད་དེ་ན་ཡོད་པའི་མ་མཐོང་བ་ལས་ཕྱིར་ཐ་སྙད་ཚད་མའི་ཡུལ་དུ་གྱུར་པའི་གཡང་ས་དེ་ན་ཡོད་པ་ཡིན་ལ་གཡང་ས་དང་བྲལ་བའི་ཐང་ན་གཡང་ས་ཡོད་མེད་ཀྱི་ཁྱད་པར་མུན་པའི་སྟོབས་ཀྱིས་འབྱེད་མ་ནུས་ཀྱང་དེ་ན་གཡང་ས་མེད་པར་འཇོག་ནུས་ཏེ། ཕྱིར་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་མན་ཆད་ཀྱི་ཐ་སྙད་པའི་ཚད་མ་ལ་དེ་ན་གཡང་ས་ཞིག་སྣང་དུ་མེད་པའི་ཕྱིར་རོ། །ཡང་གཡང་ས་ཡོད་མེད་གཉིས་ཆར་ནས་ཀྱང་གཡང་ས་ཇི་ལྟར་བཙལ་ཀྱང་མིང་ཙམ་མི་རྙེད་པར་འདྲ་མཉམ་ཡིན་ན། དེ་ཡིན་བཞིན་དུ་གཡང་ས་ཅིག་ན་ཡོད། ཅིག་ན་མེད་ཀྱི་ཁྱད་པར་ཅི་ཞིག་གིས་འབྱེད་ནི་རེད། ཟེར་ན་གཙོ་བོ་ཐ་སྙད་པའི་ཚད་མ་འཛིན་སྟངས་ལ་གནོད་མི་གནོད་འཛིན་སྟངས་ཀྱི་ཡུལ་དུ་ཡོད་མེད་ཀྱིས་འཇོག་པ་འདི་རྗེ་བླ་མ་བཀའ་དྲིན་ཅན་དེས་ལྷག་མཐོང་ཆེན་མོ་ན་ཞིབ་རྒྱས་ཤིག་ཡོད་ལགས། འོ། ཡུལ་སྟེང་ནས་མི་རྙེད་པར་ཐམས་ཅད་འདྲ་ན་གཡག་གི་རྭ་ཐ་སྙད་ཚད་མ་ལ་སྣང་རྒྱུ་ཡོད་ལ། བོང་བུའི་རྭ་སྣང་རྒྱུ་མེད་པ་འདི་ཅི་ཞིག་ཡིན་ཟེར་ན། རང་རང་གི་ལས་དབང་གིས་རྒྱུ་ཚོགས་ཚང་མ་ཚང་ཞིག་ཡིན་ཟེར་དགོས་པ་འདྲ།འདི་རིགས་ལ་རང་རང་གི་ཆོས་ཉིད་ལས་རྒྱུ་མཚན་གཞན་མེད་པ་ཡང་ཡོད་དེ། མེ་ཆུ་གཉིས་ལ་ཚ་གྲང་འབྱུང་བའི་ནུས་པ་ངོ་བོ་ཉིད་ཀྱིས་མེད་མཉམ་ལ། མེ་ཚ་ལ་ཆུ་གྲང་བའི་ཁྱད་པར་ཡུལ་དུས་ཐམས་ཅད་དུ་མི་འཆོལ་བ་དང་། མིག་དང་རྣ་བ་གཉིས་གཟུགས་དང་སྒྲའི་ཡུལ་ཅན་དུ་ངོ་བོ་ཉིད་ཀྱིས་མེད་མཉམ་ལ་མིག་གིས་གཟུགས་ཁོ་ན་ཤེས་ལ། རྣ་བས་སྒྲ་ཁོ་ན་འཇལ་བ་སོགས་ཐ་སྙད་རང་རང་གི་ཆོས་ཉིད་ཡིན་ཟེར་དགོས་པ་འདྲ། ཐ་སྙད་ཀྱི་ཆོས་ཤིག་ད་གང་ན་ཡོད། མིང་ཙམ་ཞིག་མ་གཏོགས་མ་ལུས་པ་མ་ཡིན་ནམ། དེའི་ཆོས་ཉིད་ཟེར་རྒྱུའི་འཆུག་མེད་ཅིག་གང་ན་ཡོད་ཟེར་ན།སྔར་བཤད་པ་ལྟར་མིང་ཙམ་ཞིག་ལྷག་མར་ལུས་པ་དེ་ཁོ་ནའི་སྟེང་ནས་ང་དང་ཤིང་རྟ་ལེགས་པར་འཇོག་ཐུབ་དགོས་ཏེ། དེ་ཡང་སྔར་བཤད་པ་བཞིན་ང་ཕུང་པོའི་སྟེང་ནས་ཡོད་མེད་བཙལ་ནས་རྡུལ་ཙམ་མེད་པར་ངེས་པའི་ངེས་ཤེས་མངོན་གྱུར་དུ་ཡོད་པའི་སྐབས་དེར་ཡང་ངེས་ཤེས་སྐྱེད་པ་པོ་ཡོད་པ་མི་འགལ་བའི་ཚུལ་ལ་དཔག་སྟེ་དཔེར་ན་མེ་ལོང་གི་ནང་དུ་བྱད་བཞིན་དང་། ཆུ་ནང་དུ་ཟླ་བ་གཏན་ནས་མེད་ཀྱང་གཟུགས་བརྙན་དང་ཟླ་གཟུགས་ཀྱི་སྣང་བ་འགོག་ཏུ་མེད་པ་ལྟར། ང་དང་ཤིང་རྟའི་མིང་རྐྱང་བ་ཞིག་ལུས་པ་དེ་ཀའི་བར་བཞག་པ་ཁོ་ནས་ང་དང་ཤིང་རྟ་ཞིག་ཡོད་པ་ཡིན་པས་དེ་ཡོད་ཚུལ་ཤེས་ནས་འཇོག་ཐུབ་དགོས་ཏེ། ད་ལྟ་བསམ་ན་དེ་ནམ་མཁའ་སྟོང་པའི་ངང་འདི་ན་མེ་ཏོག་འདབ་མ་བརྒྱ་བ་ཞིག་ཡོད་ཚེ་བཞག་པ་དང་ཁྱད་མེད་པའི་སྣང་བ་སྐྱེ་སྟེ། དེ་ཁྱད་པར་མེད་ཚུལ་ཞིག་ཡོད་ཀྱང་ཡོད་དེ། དེ་འདྲའི་མེ་ཏོག་ ལའང་འཇོག་སའི་གཞི་ཅུང་ཟད་ཙམ་ཡང་མེད། ནམ་མཁའ་སྟོང་པ་རེད། ང་དང་ཤིང་རྟ་ལ་གདགས་གཞི་བཙལ་ན་ང་དང་ཤིང་རྟའི་མཚན་གཞིར་འཇོག་རྒྱུ་རྡུལ་ཙམ་ཡང་མེད་པས་རང་བཞིན་གྱིས་མེད་པ་ནམ་མཁའ་སྟོང་པ་དང་འདྲ། དེས་ན་དེ་གཉིས་ཁྱད་པར་མེད་མོད། དེ་ཡང་ང་དང་ཤིང་རྟ་ཡོད་མེད་ཡུལ་སྟེང་དུ་དཔྱད་ཚེ་དེ་ལྟར་འདྲ་བ་ཡིན་པས་དོན་དམ་པར་འདྲ་བ་ཡིན་པར་སོང་བ་རེད། ཐ་སྙད་དུ་རྫས་ན་འདྲ་དེ་ལྟར་རྟོག་དཔྱོད་མེད་པའི་མ་བརྟགས་མ་དཔྱད་པའི་བློ་རང་ག་བ་ད་ལྟ་སྐྱེ་བཞིན་པ་འདི་དག་ཐམས་ཅད་ཕལ་ཆེར་ཐ་སྙད་པའི་ཚད་མ་ཡིན། དེའི་ངོར་ནི་ནམ་མཁའི་མེ་ཏོག་དང་ང་དང་ཤིང་རྟ་སོགས་མི་འདྲ་སྟེ། ནམ་མཁའི་མེ་ཏོག་བློ་དེའི་ངོར་མེད། ང་དང་ཤིང་རྟ་ཡོད་པའི་དེ་དག་ཐ་སྙད་དུ་མི་འདྲ་ཟེར་བ་རེད། འོ། ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་བློ་དེའི་ངོས་ནས་ཕྱེས་ཏེ་འཇོག་རྒྱུ་ཡིན་པས་ནམ་མཁའི་མེ་ཏོག་དང་ཤིང་རྟ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་ཡང་དེ་གའི་རེད། དེ་ཡང་ཐ་སྙད་དུ་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། ཐ་སྙད་དུ་ཡོད་པའི་ཡོད་པར་འཇོག་ཟེར། དོན་དམ་པར་ཡོད་མི་ཟེར་རྒྱུ་མཚན་གོང་གི་དེས་ན་ཐ་སྙད་དུ་ཡོད་པའི་ཡོད་གོ་ཆོད། དོན་དམ་པར་མེད་པའི་མེད་གོ་མི་ཆོད་ཟེར། དོན་དམ་པར་མེད་པའི་དོན་ནི་ཡུལ་སྟེང་ནས་རྫས་ན་འདྲ། གདགས་གཞིའི་ངོས་ནས་ཚུར་གྲུབ་པ་ཞིག་མེད་པའི་དོན་རེད། དེ་མེད་ནི་གི་མེད་གོ་ཆོད་ན་ཐམས་ཅད་མེད་པར་ཐལ་འགྲོ་བའི། འོ། དེ་ན་ཡུལ་སྟེང་ནས་མེད་པའི་མེད་གོ་མི་ཆོད། ཡོད་ད་ཞེས་ཁ་ཡག་ཅིག་བརྗོད་ཆོག་སྟེ། དོན་ཡུལ་སྟེང་ན་མེད་ན་གང་ན་ཡོད་ནི་རྙེད་སྙམ་ན། སྔར་ཡང་ཡང་མིང་རྐྱང་བའི་ཕར་བཏགས་ཀྱི་སྟེང་ནས་ཡོད་ན་ཡོད་ནི་བོ་དེ་རེད། འོ་ན་མིང་གིས་ཕར་བཏགས་ཡིན་ན་ཡོད་པའི་ཁྱབ་རྫས་ནི་མ་རེད་ཟེར་ན་མ་རེད། རི་བོང་རྭ་ཆོས་ཅན། དེར་ཐལ།དེའི་ཕྱིར་རེད། འོ་ན་ཅི་རྫས་ནི་རེད་ཟེར་ན་ཡོད་མེད་ཀྱི་ཁྱད་པར་ཐ་སྙད་ཙམ་གྱིས་འབྱེད་ད། ཡོད་ཚུལ་པོ་མིང་རྐྱང་བའི་ཕར་བཏགས་ཙམ་ཞིག་གི་ཚུལ་དུ་ཡོད་ནི་རེད་དེ་ཟེར་ར་ཡ། འོ་ན་མིང་རྐྱང་བ་ཞིག་གིས་ཕར་བཏགས་ཙམ་ཡིན་པ་དང་། ཡོད་པ་གཉིས་མི་འགལ་ལམ་ཞེས་བརྗོད་ན་འགལ་ཡང་། དེ་མི་འགལ་ན་རི་བོང་རྭ་ཡོད་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡོད་ཟེར་ན་དེ་གཉིས་འགལ་ཏེ་རི་བོང་རྭ་ཡོད་མ་ཆོག་པས་མེད་པ་ཡིན་ནི་ཟིག་མ་རེད། ཁོ་རང་ཐ་སྙད་པའི་བློ་རང་འགའ་བ་འདི་ལ་སྣང་རྒྱུ་མ་ཡོད་ན་མེད་པར་བཞག་ནི་རེད་ཟེར་ར། ཐ་སྙད་པའི་བློ་འདི་ལ་སྣང་རྒྱུ་མེད་པས་མེད་པར་འཇོག་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། བསམ་བློ་ཐོངས་དང་།སྤྱིར་འཇིག་རྟེན་གྱིས་ཡོད་མེད་ཡིན་མིན་གྱི་རྣམ་བཞག་ཐམས་ཅད་གདགས་གཞིའི་ངོས་ནས་བཙལ་ཏེ་འཇོག་གི་ཡོད་ཀི་དེ། ད་ལྟའི་གནས་ལུགས་ཅི་ཡིན་མ་བརྟགས་མ་དཔྱད་པའི་བློ་རང་ག་བ་འདི་དག་གི་ངོས་དང་བསྟུན་ཏེ་འཇོག་གི་ཡོད་ཀི་ལྟོས་དང་གསལ། ཕྱི་མ་ལྟར་ཡིན་ན་རེད། དེ་ལྟ་ན། ཨ་མཚར་པོ། གདགས་གཞི་ཡུལ་གྱི་ངོས་ན་རྡུལ་ཙམ་ཞིག་མེད་ད་ཐ་སྙད་པའི་བློ་ལ་སྣང་རྒྱུ་ཞིག་ཡོད་ས་མེད་ཀི་ད། གལ་སྲིད་ཡོད་སྲིད་ན་རི་བོང་གི་རྭ་དེ་ཐ་སྙད་ཚད་མ་ལ་སྣང་ཡོད་ས་ཡོད་ཀི་ད་ཟེར་ན།ཨ་ལེ་རེད་མཚར་པོ། ཆུ་ནང་ན་ཟླ་བ་ཞིག་གཏན་ནས་མེད་ད་ཟླ་བའི་གཟུགས་མིག་མི་ཐེབ་ས་ཞིག་སྣང་ཡོད་ལུགས་མེད་ཀི། བྲག་ནང་ན་ལྕེ་རྐན་སོགས་གང་ཡང་མེད་ བཞིན་དུ་གང་ཟག་གི་རྗེས་སུ་ཟློས་ཏེ་སྒྲ་མི་རྟག་ཟེར་བའི་བྲག་ཆ་ཞིག་གྲགས་དོན་མེད་ཀི་ད། རྡེའུའི་ངོས་ན་སྤུ་ཉག་གཅིག་ཀྱང་མེད་ད་སྒྱུ་མའི་རྟ་ལིང་ལིང་འཁྱུག་འཁྱུག་བྱེད་པ་འདི་ཡོད་སྙམ་མང་གི་ད། དེ་སོ་ཅི་ཞིག་གི་ཡིན་ན་བླ་མ་མཁྱེན། ཁོ་ན་རེ། དེ་ལ་ཡོད་རྒྱུ་རེད་ཆུ་ནང་ན་ཟླ་བ་མེད་ཀྱང་ནམ་མཁའ་ན་ཡོད་པའི་དེའི་གཟུགས་འཆར་བ་ལ་འགལ་བ་མེད། བྲག་ལ་ལྕེ་རྐན་མེད་ཀྱང་གང་ཟག་གི་སྒྲས་རྐྱེན་གྱི་སྒྲ་སྙན་ཡང་འཆར་བ་ལ་འགལ་བ་མེད་དེ་རྒྱུ་དང་རྐྱེན་ལ་རྟེན་ནས་འབྲས་བུ་སོ་སོར་འབྱུང་བ་ཆོས་ཉིད་ཡིན་ཟེར་ན། འོ། གདགས་གཞིའི་ངོས་ནས་མྱུ་གུ་ལྟ་བུ་ཚུར་མ་གྲུབ་ཀྱང་ས་བོན་དང་ཆུ་ལུད་ཀྱིས་རྐྱེན་གྱིས་སྐྱེད་པས་ཐ་སྙད་པའི་བློ་རང་ག་བ་ལ་སྣང་རྒྱུ་ཡོད་པ་ལ་འགལ་བ་ཡོད་རྒྱུ་མ་རེད། ཁོ་ན་རེ། གདགས་གཞི་རང་གི་ཆ་ཤས་ཀྱི་སྟེང་ན་མེད་ན་རྐྱེན་གྱིས་ཅི་ཞིག་སྐྱེད་པ་རེད་ཟེར་ན་མྱུ་གུ་སྐྱེད་ནི་རེད་ཟེར་ར། གདགས་གཞི་ཡུལ་གྱི་ངོས་ན་མེད་པའི་སྐྱེད་རྒྱུའི་མྱུ་གུ་དེ་གང་ན་ཡོད་ཟེར་ན་མྱུ་གུ་དེ་རང་གི་གདགས་གཞིའི་རྡུལ་ཕྲ་རབ་ཀྱི་ཆ་ཤས་གང་དང་ཡང་གཅིག་དང་ཐ་དད་གང་རུང་གི་ཚུལ་དུ་མེད་པའི་ཡུལ་སྟེང་ན་མེད་པའི་སྟོང་སངས་ནམ་མཁའ་ལྟ་བུ་དེ།རིགས་པས་དཔྱད་པ་ལས་ད་ལྟ་བློ་ཡུལ་དུ་ལྷག་གེར་གསལ་བཞིན་པའི་དུས་དེར་ཡང་རང་གི་ལག་ན་ནས་ཀྱི་མྱུ་གུ་སྔོ་ལྗང་གྲུང་ངེ་ཡོད་པ་དེ་ཁྱོད་རང་ཁས་ཨེ་ལེན།ལེན་ན་ནི། གདགས་གཞིའི་ངོས་ནས་མ་གྲུབ་ཀྱང་རྒྱུ་རྐྱེན་རྟེན་འབྱུང་གི་ཚོགས་པས་བསྐྱེད་པའི་མྱུ་གུ་དེ་དེ་རེད། དེའི་ཨེ་ཚིམ་ལགས། མ་ཚིམ་ན་ནི་ཁྱེད་རང་ལ་ཨོ་བརྒྱལ་ཆེན་པོ་ཞིག་འབྱུང་སྟེ། མྱུ་གུ་དང་ནས་སོགས་གདགས་གཞིའི་སྟེང་ནས་མ་རྙེད་བར་དུ་ཐུགས་མི་ཚིམ་པས་ནས་ཀྱི་བྱ་བ་མི་འགྲུབ་ན་ཟན་ཟ་བའི་དུས་ཅུང་ཞིག་དཀའོ། །གོང་དུ་ཁས་མི་ལེན་ན་ནི། ཁྱེད་གང་ཁས་མི་ལེན། མྱུ་གུ་ལག་གིས་བཟུང་ཏེ་ཡུལ་སྟེང་ནས་གྲུབ་མ་གྲུབ་དཔྱད་པའི་ཚེ་གདགས་གཞིའི་ངོས་ནས་མི་རྙེད་པའི་སྟོང་བ་དེ་ཁས་མི་ལེན་པ་ཡིན་ནམ། སྟོང་བ་དེ་ངེས་པའི་རྒྱུ་མཚན་གྱིས་ལག་གི་མྱུ་གུ་ཡོད་པར་ཁས་མི་ལེན་པ་ཡིན། དང་པོ་ལྟར་ན་ནི། མྱུ་གུའི་ཆ་ཤས་རྡུལ་ཕྲ་རབ་རྣམས་དང་མྱུ་གུ་གཅིག་དང་ཐ་དད་གང་དུ་གྲུབ་ཅེས་དཔྱད་ཚེ་གཅིག་ཐ་དད་ཀྱི་ཕྱོགས་གཅིག་ཁས་ལེན་དགོས་པའི་གང་ཁས་ལེན། གཅིག་པ་ཁས་ལེན་ན་ནི། ཆ་ཤས་རྡུལ་ཕྲ་རབ་རྣམས་གཅིག་པའི་བདག་ཉིད་ཀྱིས་མྱུ་གུ་ཡིན་པར་འགྱུར་བས་མྱུ་གུ་རེ་ལ་མྱུ་གུའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་མྱུ་གུ་ཡོད་པ་ཁྱེད་ངོ་མཚར་ཆེ། གལ་སྲིད་ཆ་རྡུལ་ཕྲ་རབ་དེ་དག་རང་ངོས་ནས་གྲུབ་པ་མིན་ཀྱང་། དེ་དག་འཚོགས་པ་མྱུ་གུ་ཡིན་ནོ་ཞེ་ན་ནི། ཆ་ཤས་རྡུལ་ཕྲ་མོ་རྣམས་མྱུ་གུ་དང་གཅིག་ཡིན་པའི་དམ་བཅའ་ཞར་ལ་གཏོང་བ་ཁྱེད་སྐུ་ཚེ་རིང་། ཁྱེད་ཀྱི་ཚོགས་པའི་མྱུ་གུ་རང་གི་ཆ་ཤས་རྡུལ་ཕྲ་མོ་རྣམས་དང་གཅིག་དང་ཐ་དད་གང་དུ་གྲུབ་བཙལ་ན་རྙེད་ན་མྱུ་གུར་འོས་ཀྱང་ཁྱེད་ལ་སྐུ་ཚེགས་ཆེ་སྟེ། རྙེད་དཀའ་བའི་ཕྱིར་རོ། །གོང་དུ་ཐ་དད་ཁས་ལེན་ན་ནི། ངོ་བོ་ཉིད་ཀྱིས་ཐ་དད་ཡིན་པས་ལྟོས་མེད་ཀྱི་ཐ་དད་ཡིན་ལ། དེ་ཚེ་སོ་ནམ་གྱིས་ཆ་ཤས་དེ་དག་བསྐྱེད་ཀྱང་མྱུ་གུ་མི་སྐྱེ་བར་ཡང་འགྱུར་ཏེ། རེའུ་རས་བསྐྱེད་ཀྱང་དེ་དང་འབྲེལ་མེད་ཀྱི་ལུ་གུ་མ་བསྐྱེད་པ་བཞིན་ནོ། །དེ་ན་དཔྱད་པ་དེ་དག་ཕྱིར་ཟློག་ཏུ་མེད་པའི་ཤེར་ཕྱིན་གྱི་རིགས་སྔགས་ཡིན་པས་དཔྱད་མཐའི་སྟོང་སངས་དེ་ཡང་རིགས་སྔགས་ ཀྱི་སྦྱོར་བས་བསྒྲུབ་པའི་ངེས་དོན་གྱི་རྡོ་རྗེ་ཡིན་ན་རེ་ཞིག་ཅིར་ཡང་བྱར་ག་ལ་བཏུབ།དེར་མ་ཟད་ལག་གི་མྱུ་གུ་ཡང་ཁྱོད་ཀྱི་རྣམ་པར་ཤེས་པ་ཚོགས་དྲུག་གི་ཡུལ་དུ་ཡོད་ན་དེ་ཁས་མི་ལེན་པར་ཡང་། ཁྱེད་ཀྱིས་མི་རུང་སྟེ། འཕགས་པ་ཀླུས་ཀྱང་། ཐ་སྙད་ཁས་ནི་མ་བླང་བར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་སོ། །གཞན་ཡང་མྱུ་གུ་དེ་འཇིག་རྟེན་གྱི་དཔེར་མིག་མཐོང་ལག་ཟིན་ཡིན་པས་དེ་ཁས་མི་ལེན་ན་དཔྱད་པ་བྱེད་པ་པོ་ཡང་རང་གིས་ཁས་མི་ལེན་པས་ཁྱོད་ཚེགས་ཆེན་པོས་སྐྱོན་ཡོན་གྱི་བླང་དོར་བྱེད་པ་འོ་བརྒྱལ་མ་ཡིན་ནམ། དེ་ལྟ་ན་གདགས་གཞིའི་ངོས་ནས་མ་གྲུབ་པ་དང་། རྒྱུས་བསྐྱེད་པའི་མྱུ་གུ་གཉིས་གཞི་གཅིག་ལ་འདུ་བ་མཁྱེན་པར་མཛོད་ཅིག། གཞན་ཡང་དེ་མི་འདུ་བའི་གཏམ་དེ་ཐོག་མེད་ནས་གོམས་པའི་བདེན་འཛིན་ལྷན་སྐྱེས་ཀྱིས་བཞག་པའི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཞིག་ཡིན་གྱིས་རིགས་པ་ཡང་དག་གིས་བསྐྱེད་པ་ཞིག་མིན་ཏེ། གདགས་གཞིའི་ངོས་ནས་ཚུར་གྲུབ་ཀྱིས་ཐ་སྙད་པའི་བློ་ངོར་ཡོད་པ་འགལ་བར་སྒྲུབ་པའི་རིགས་པ་ཡང་དག་མི་རྙེད་པའི་ཕྱིར་རོ། །དེས་ན་ཐལ་འགྱུར་པའི་ལུགས་ཀྱི་རྟེན་འབྲེལ་ཕྲ་མོའི་རྣམ་བཞག་འཇོག་ལུགས་འདི་ཤིན་ཏུ་དཀའ་སྟེ། གང་ལ་བལྟས་ན། གཏན་ནས་མེད་པ་ཞིག་ཡོད་པར་ཚིག་ཙམ་གྱིས་འཇོག་པའི་སྣང་བ་སྐྱེ་ལ། དེ་ཡང་ཡོད་པར་གང་བཞག་མིང་ཙམ་གྱིས་ཕར་བཏག་གི་སྟེང་ན་ཐ་སྙད་ཀྱི་བློ་ལ་སྣང་བ་འདི་གས་མི་ཚིམ་པར་གདགས་གཞིའི་ངོས་ནས་ལོག་ལོག་པ་ཞིག་རྙེད་དགོས་ཤིང་། མ་རྙེད་ན་འཇོག་མི་ཐུབ་པ་འདི་རང་རྒྱུད་པ་མན་ཆད་ལ་ཡོད་པའི་བློ་སྐྱོན་ཡིན། དེའི་དབང་གིས་གཏན་ནས་མེད་སྣང་འཆར་གྱིས་དཔྱད་ཤེས་ན་དང་པོ་ནས་ང་བཙལ་བ་དང་། ཤིང་རྟ་བཙལ་ནས་མ་རྙེད་པ་མིན་ཏེ། ང་དང་ཤིང་རྟ་སྣང་བའི་བློ་རང་དགའ་བ་འདིས་མ་ཚིམ་པར་འཚོལ་དོན་ཅི་ཞིག་ཡོད། ང་དང་ཤིང་རྟ་གདགས་གཞིའི་ངོས་ནས་སམ།ངོ་བོ་ཉིད་ཀྱིས་སམ། ཡུལ་གྱི་སྟེང་ནས་གྲུབ་མ་གྲུབ་བཙལ་བ་ཡིན་ལ། དེ་མ་རྙེད་ཚེ་ཡང་གདགས་གཞིའི་ངོས་ནས་མ་གྲུབ་ཏེ་མ་རྙེད་པ་ཡིན་པ་ལས། སྤྱིར་མ་རྙེད་པ་ག་ལ་ཡིན། དེས་ན་ང་དང་ཤིང་རྟ་རྣམ་བདུན་གྱི་རིགས་པས་ཡུལ་སྟེང་དུ་དཔྱད་དེ་མ་རྙེད་པའི་ཚེ་ཡང་དཔྱད་པ་དེ་གས་ང་དང་ཤིང་རྟ་ཙམ་ག་ལ་ཁེགས། དེ་ཁེགས་འགྲོ་བ་ལྟ་བུའི་ཉམས་ཤར་བ་ནི་བློ་སྐྱོན་གོམས་ཆེ་བས་ཡིན། དང་པོ་དཔྱད་ཚེ། ང་དང་ཤིང་རྟ་གཏན་ནས་མེད་པ་ལྟ་བུའི་སྣང་བ་འཆར་གྱི་བར་དུ་དཔྱད་ཀྱང་དགོས་ཏེ།གཏན་ནས་མ་ལྷག་པ་ལྟ་བུར་བྱས་ཏེ་གཟོད་མིང་ཙམ་གྱིས་རྟེན་འབྲེལ་བཞག་ན་རྟེན་འབྲེལ་ཕྲ་མོའི་འཇུག་ལུགས་འོང་གི །དང་པོ་ནས་རྟེན་འབྲེལ་ཡིན་རྒྱུའི་ཡོད་ཡོད་འདྲ་མོ་ཞིག་ཟུར་དུ་བཞག་ན་དགག་བྱ་རྫོགས་པར་མི་ཁེགས་པའི་སྐྱོན་ཡོད་ཐག་ཆོད་ཡིན་ནོ། །དེས་ན་དང་པོ་གཏན་ནས་མ་ལྷག་པར་འགྲོ་བ་ལས་འོས་མེད་དེ། རྟེན་འབྲེལ་ཕྲ་མོ་དེ་དང་པོ་བློ་ཡུལ་དུ་ཡོད་ཀྱང་མེད་པའི་ཕྱིར་ཏེ་གཟོད་འཇོག་དགོས་པའི་ཕྱིར། དེས་ན་འགོག་ཅི་ཐུབ་ཅིག་མཛོད་དང་མི་སྐྱོན་སྙམ། འདི་ཡང་ཡུལ་གྱི་ངོས་ནས་གྲུབ་མ་གྲུབ་དཔྱོད་པའི་དཔྱོད་ལུགས་ལེགས་པའི་ཅི་ཙམ་བཀག་ཀྱང་ཆད་མཐར་ལྷུང་བའི་ཉེན་མེད་པ་ཡིན་གྱིས། གཞན་ཚོ་ལ་ནི་དཔར་བཀབ་དཀའོ། །དེ་ལྟར་ཡུལ་སྟེང་ནས་གང་ཡང་མེད་པའི་སྟོང་སངས་དེ་ཡང་ཡང་རིགས་པས་གསོས་ 1བཏབ་ཏེ་སེམས་ལ་འཇག་པ་ཞིག་བྱུང་བའི་ས་མཚམས་ནི། རིགས་པས་དཔྱད་པ་ཅུང་ཟད་རེ་བྱས་པའི་ཀྱང་གང་ལ་དཔྱད་པའི་དོན་དེ་སྟོང་ཆམ་ཆམ་དུ་འགྲོ་བ་ལས་དམིགས་རྟེན་ལྷག་མ་མེད་པར་འགྲོ་ཚེ་རྟེན་འབྲེལ་ཕྲ་མོ་ཡོད་ཚུལ་དེ་ལ་ཞིབ་ཏུ་དཔྱད་དགོས་ཏེ། དེ་ཡང་ལྕང་སྐྱས་ཨ་མ་ངོས་འཛིན་ལས། ཡོད་ཅིག་ཡོད་མོད་དེ་ད་ལྟ་འདི་འདྲའི། །རོང་རོང་འགལ་འདུ་ཅན་ཡིན་ཚོད་མ་རེད། །གསུངས་པ་ལྟར་ཡོད་ཚུལ་དེ་དང་དེའི་མིང་འདོགས་སའི་དོན་རང་མཚན་པ་ཞིག་སྣང་ཞིང་འགལ་བ་ཁོ་ན་ཞིག་ཡིན་ཏེ། དེ་ཡང་གདགས་གཞིའི་ཡུལ་སྟེང་ནས་ཅུང་ཟད་ཀྱང་མེད་བཞིན་པར་ཡོད་ཡོད་ལྟར་སྣང་བ་འདི་འགོག་པའི་དངོས་སྟོབས་དང་ཡིད་ཆེས་ཀྱི་ལུང་གི་རྣམ་གྲངས་བཅས་སྒོ་དུ་མ་ནས་དཔྱད་དེ་གོམས་པར་བྱས་ན་གཟོད་བློ་ཚོད་ཀྱང་གནས་འགྱུར་ཏེ།གདགས་གཞིའི་ངོས་ནས་ཡོད་པ་ལ་ཐལ་འགྱུར་བས་རྣམ་བཞག་ཐམས་ཅད་མི་རུང་བ་དང་། དེ་མེད་པར་མིང་གིས་ཕར་བཏགས་པ་ཙམ་ཡིན་ཚེ་རྣམ་བཞག་ཐམས་ཅད་འཐད་པའི་ཚུལ་ལ་ངེས་ཤེས་སྐྱེས་ཏེ། སྟོང་པ་ཉིད་བློ་ལ་འཆར་བ་ཞིག་འོངས་བ་ཡིན་ཚོད་དུ་འདུག་པས། དཔྱད་པ་ཞིབ་ཏུ་བཅུག་ནས་སྟོང་པ་དང་། རྟེན་འབྲེལ་ལ་བློ་གྲོས་རྒྱས་པར་མཛོད་ཅིག་དང་། དལ་བའི་རྟེན་ལ་སྙིང་པོ་བླ་ན་མེད་པ་ལོན་པ་ཡིན་ཞིང་། ངེས་དོན་གྱི་གཤིན་རྗེ་གཤེད་ལ་ཉེ་བར་བསྙེན་པའི་སྒྲུབ་པའི་སྙིང་པོ་ཡང་ཚེགས་སུ་ཚུད་པ་ཡིན་ནོ། །ཞེས་རྣམ་རྒྱལ་དགེ་ལྡན་གྱི་གཙུག་ལག་ཁང་ནས། ཤི་གསོན་མགོ་སྐོར་གྱི་གྲོང་ཆོག་ལ་གཡེང་བའི་མདོ་མེད་དྷརྨ་སཱ་ར་ཞེས་བྱ་བས། གནའ་ཞིག་མཚན་ལྡན་གྱི་བླ་མ་དམ་པའི་དྲུང་ནས་ཟབ་མོའི་ཆོས་ལ་གོ་ལོ་ཙམ་ཡོད་པས་འཕྲལ་དུ་བློ་ལ་ཅི་ངེས་ཤིག་ཐོལ་བྱུང་དུ་ཡི་གེར་བཏབ་སྟེ། བློ་སྣ་ཆོས་ལ་བསྐུལ་བའི་གཏམ་ཡིད་དགའི་མེ་ཏོག་སྐལ་ལྡན་སྙིང་གི་གྲོགས་མཆོག་དེ་ལ་གསལ་འདེབས་ཀྱི་ཚུལ་དུ་ཕུལ་བ་དེ་དེ་བཞིན་དུ་གྱུར་ཅིག དགེ་ལེགས་འཕེལ།།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།