བྱང་ཆུབ་བཟང་པོའི་ཐུགས་བཞེད་སྐོང་བའི་སླད་དུ་གནང་བའི་བསླབ་བྱ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-23 20:59:28     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

            བླ་མ་ཐུགས་རྗེ་ཅན་སངས་རྒྱས་དངོས་དེའི་ཞབས་ལ་གུས་པའི་ཕྱག་འཚལ་ལོ། །དད་ལྡན་ཁྱེད་ལ་གསལ་འདེབས་མདོ་ཙམ་ཞུ་ན། སྔོན་འགྲོ་བློ་ལྡོག་རྣམ་བཞིའི་འདི་སྣང་གི་བདེ་སྐྱིད་ལ་ཞེན་པ་དང་ཕྱི་མའི་ཟག་བཅས་ཀྱི་བདེ་སྐྱིད་ལ་ཞེན་པ་ཡང་ཡང་བཅད་དེ། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རྨིང་གཞི་བརྟན་པོའི་སྟེང་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་འགལ་རྐྱེན་སྡིག་སྒྲིབ་སྦྱང་བ་དང་། སྐུ་གསུམ་གྱི་མཎྚལ་གྱིས་མཐུན་རྐྱེན་ཚོགས་བསགས་རྣམས་ནི་དང་པོ་རྣམས་ནི་བན་ཆུང་གི་ཆོས་ཙམ་མིན་པར་དངོས་གཞི་རྫོགས་པ་ཆེན་པོའི་རིག་ངོ་སྐྱོང་བ་ལ་མེད་དུ་མི་རུང་བ་ཡིན་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྔ་ཕྱི་གཉིས་ཀྱི་དགོངས་པ་རེད་ལགས། དེས་ན་བློ་ལྡོག་རྣམ་བཞི་སོགས་ཀྱིས་སེམས་རྒྱུད་འདུལ་བ་འདི་གལ་ཆུང་ མ་བྱེད་པར་སྙིང་གི་བཅུད་དུ་ཆོངས་དང་དངོས་གཞི་ལ་བོགས་ཆེ་བར་འདུག དེ་ནས་དངོས་གཞི་སེམས་ཁྲིད་སྐྱོང་བ་ལ་བྱིན་རླབས་བཙན་ཐབས་སུ་འཕོ་བའི་ཐབས་ཟབ་ལ་རྣོ་བ་བླ་མའི་རྣལ་འབྱོར་ཡིན་པས་མོས་གུས་མཆི་མ་འཁྲུགས་པ་དང་དད་པས་བ་སྤུ་གཟེང་བས་གསོལ་འདེབས་ཀྱི་ངང་ནས་དབང་བཞི་བླང་སྟེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་དངོས་གཞི་རིག་ངོ་སྐྱོང་རྒྱུ་ཡིན་འདུག ཐུགས་ཡིད་བསྲེ་ལུགས་བླ་མ་སངས་རྒྱས་ཀྱི་ཐུགས་ནི་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་ཀྱི་གཤིས་ལ་རོ་གཅིག་ཏུ་འདྲེས་པ་ལས་ནམ་ཡང་གཡོ་བ་མེད་པ་ཞིག་ཡིན་པས་སྔར་བྱུང་གནས་འགྲོ་གསུམ་བཙལ་བས་མ་རྙེད་པའི་སེམས་ཉིད་ཡོད་བྱས་ན་ངོས་བཟུང་དང་བྲལ་བ་མེད་བྱས་ན་གསལ་གསལ་རིག་རིག་དུ་བཀྲ་བའི་ཡིན་ལུགས་སྨྲ་མི་ཤེས་པ་དེ་ཀའི་ངང་ལ་དྲན་རིག་ཕུལ་བྱུང་དེ་རང་བབས་ཀྱི་གཤིས་དེར་རྩེ་གཅིག་དུ་འཇོག་རྒྱུ་ཡིན་རབ་ཡོད་དེ། ཉམས་མྱོང་ཅན་གྱི་བླ་མའི་གསུང་སྒྲོས་ལགས་ཀྱི་ཁོ་བོ་ལ་དེ་འདྲའི་རེ་བ་ག་ལ་ཡོད། དེས་ན་གསལ་བོ་རང་ཞུ་མི་ཤེས་འདུག སྤྱིར་ནའང་རྫོགས་པ་ཆེན་པོའི་རིག་པ་འདི་རྟོག་ལྡན་བླ་མའི་བྱིན་རླབས་དང་སྔོན་གྱི་ལས་འཕྲོའི་དབང་གིས་རྙེད་རྒྱུ་ཞིག་ལས་རྟོག་གེའི་ཁ་བཤད་ཀྱི་ཇི་བཞིན་མཚོན་ཐུབ་པ་ཞིག་ཡིན་གི་མེད་ཚོད་རེད། དེས་ན་ཁྱོད་རང་གི་བླ་མ་གྲུབ་དབང་ཆེན་པོར་མོས་གུས་ཆེན་པོས་གསོལ་འདེབས་ཤུགས་དྲག་མཛོད་ལ་བླ་མ་དེ་གའི་ངོ་སྤྲད་པའི་རིག་ཐོག་དུ་ཞོག་ལ་ཡང་ཡང་སྐྱོང་དང་བསླུ་བ་མེད་དོ། །ཐུན་རེའི་མཐར་ཡང་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བའི་རྒྱས་ཐོབ། ཐུན་མཚམས་སུ་ཡང་བརྗོད་མེད་ཀྱི་རིག་པའི་རང་བབ་དེ་གའི་ངང་མ་བརྗེད་པར་ལུས་ངག་གི་དགེ་སྦྱོར་ཅི་ནུས་ཅི་ལྕོག་ལ་འཇུག་དགོས་པར་འདུག་གོ །ཞེས་བྱང་ཆུབ་བཟང་པོའི་ཐུགས་བཞེད་སྐོང་བའི་སླད་དུ་བླ་མ་རྣམས་ཀྱི་གསུང་རྒྱུན་བྲིས་ཏེ་དྷརྨ་སཱ་རས་ཕུལ་བ་དགེ། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།