ཐུན་མོངས་ལམ་རིམ་གྱི་མན་ངག་རྒྱ་ཇའི་བཏུང་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-23 20:54:07     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

        བླ་མ་རིན་པོ་ཆེ་སངས་རྒྱས་དངོས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་དྲིན་ཚད་མེད་པ་དང་ལྡན་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །འདིར་ཆོས་ལ་སྤྲོ་བ་ཁྱེད་ཀྱི་ཐུགས་དམ་གསལ་འདེབས་མདོ་ཙམ་ཞུ་ན། དམ་པའི་ཆོས་ཆོས་བྱ་བ་འདི་ཚེ་ཕྱི་མའི་ལམ་རྒྱགས་ཡིན་ལ། ཕྱི་མ་དེ་ཡང་རིང་པོ་རིང་པོ་མ་ཡིན་པར་ནམ་འཆི་ལ་ཆ་བཞག་སྤུ་རྩེ་ཙམ་མེད་པས་ཡུན་རིང་སྡོད་པས་ལོང་སྤྱིར་ན་མེད། དགོས་སུ་རང་རེ་མི་ཚེ་ཕལ་ཆེར་ཟད་དེ་འཆི་ས་ལ་ཐག་ཤིན་ཏུ་ཉེ་བར་ སོང་བའི་ལོ་ཁོངས་འདི་དང་། ཟླ་བ་འདི་ཡི་རིང་ལ་ཡང་མི་ལུས་ཐོབ་པ་དོན་ཡོད་ཀྱི་དགེ་སྦྱོར་ཞིག་མ་འོང་ན། ལག་སྟོང་མཆན་དུ་བཅུག་ནས་འཆི་ཉེན་ཆེ་བས་དུས་དེ་ཚེ་ཇི་ལྟར་བྱེད། གསོན་པོ་སོས་དལ་གྱིས་སྐབས་སྐྱབས་བཟང་པོ་མ་བཙལ་ན་དེ་ཚེ་སུ་ཞིག་གིས་སྐྱོབ། ལས་ངན་སྡིག་པའི་ཁུར་མི་ཆེ་སྙམ་ཡང་ཆགས་སྡང་གི་རྣམ་རྟོག་ངན་པ་ལྷན་སྐྱེས་སུ་ཡོད་པ་འདིས་འཕྲལ་དང་འཕྲལ་དུ་བསགས་པས་སྡིག་ལྟུང་ནི་འཛད་པ་མེད། ལས་བྱས་པ་ཆུང་ངུ་ཞིག་ཀྱང་ཆུད་ཟོས་སུ་མི་འགྲོ་བར་རྣམ་སྨིན་ཆེན་པོ་བཟོད་དཀའ་བ་ངེས་པར་འབྱིན་ན་ཨ་ཙ་མ། ད་འཇིག་རྟེན་ཕྱི་མ་གང་དུ་འགྲོ། ཅི་ཞིག་མྱོང་། ཇི་ལྟར་འགྱུར་སྙམ་དུ་བློ་ཁ་ནང་དུ་བསྐོར་ན་སྟན་ལ་སྡོད་མི་ཚུག་པའི་ཚོད་ཡིན་ཀྱང་བློ་ངན་དྲེད་པོ་འདི་ལ་སྐྲག་རྒྱུ་ནི་མེད། ལས་དཀར་ནག་གི་འབྲས་བུ་དང་། འཆི་བ་ཟེར་བའི་དགྲ་བོ་ཆེ་རྣམས་ནི་རང་ཐོག་ཏུ་བབས་ལ་ཁད་ད་དུང་ཚེ་འདིས་སྡོད་གྲབ་ཁོ་ན་ལས་ཕྱི་མའི་འགྲོ་གྲབ་ལ་རྣམ་རྟོག་སྐད་ཅིག་མ་ཞིག་མི་འགྱུ་བ་འདི་རང་རེ་དམྱལ་བར་འགྲོ་བའི་ལྟས་ངན་ཚན་པོ་ཆེ་ཞིག་མིན་ན་ཅི་ཡིན། ཚེ་འདིར་ཡུན་རིང་མི་དགོས་ལོ་ཤས་ཟླ་ཤས་ལ་ཡང་ཨེ་སྡོད་མི་ཤེས་བཞིན་དུ་སྡོད་པའི་ཤོམ་ར་བྱེད། ཕྱི་མར་ངེས་ཅན་དུ་འགྲོ་ལ་དེ་ཡང་མི་རིང་བར་འགྲོ་བ་ཤེས་བཞིན་དུ་འགྲོ་ཆས་ཀྱི་འདངས་མེད་པ་འདི་འོ་སྐོལ་དུད་འགྲོ་མིན་ན་ཅི་ཡིན། ཀྱེ་མ་ཀྱེ་ཧུད་ད་ནི་ལོ་འདི་དང་ཟླ་བ་འདི་དེ་རིང་གི་ཉི་མ་འདི་ལ་ཡང་འཇིག་རྟེན་ཕྱི་མར་ཕན་པའི་ཆོས་ཤིག་སྒྲུབ་རྒྱུ་ཅིས་ཀྱང་བཤོལ་ཏེ་སྙམ་དུ་དམ་བཅའ་བཟུང་ནས། ཉི་མ་རེ་རེ་བཞིན་ཡང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་རང་རེ་འཁོར་བའི་སྐྱེ་འཆིའི་ཁ་བར་དུ་ཆུད་ལུགས་དང་དགོས་སུ་ངན་སོང་གི་སྡུག་བསྔལ་ལ་བཟོད་དཀའ་བའི་ད་ཙམ་མ་མནར་ཀྱང་ཉེས་པ་འདྲ་མཉམ་དུ་སོང་བའི་གྲོགས་པོ་བཙོན་ཁང་ན་འོ་དོད་འབོད་པ་ལྟར་རན་ནས་ཡོད་ལུགས་ལ་ཞིབ་ཏུ་བསམ་ནས་སྐྱབས་འགྲོའི་དམིགས་སྐོར་གསལ་ཅི་ཐེབ་དང་སྦྲགས་ཏེ་སྐྱབས་འགྲོའི་ཉམས་ལེན་བརྟན་པོ་ཅི་འོང་གང་འོང་མཛད་རྒྱུ་དང་། ད་རེབ་མ་གཏོགས་མི་ལུས་གཙང་མ་འདི་འདྲ་ཐོབ་པ་དཀའ། ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་དེ་བས་ཀྱང་འབྱུང་དཀའ་བས་ཐེག་པ་ཆེན་པོའི་ཆོས་ལ་བག་ཆགས་ཤིག་ཐེབ་དགོས། དེ་ཐེབ་པ་ནི་ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་ལ་རག་ལས་པས་རྒྱུ་འབྲས་མན་ངག་བདུན་ལ་བརྟེན་ནས་ཐེག་པ་ཆེན་པོར་བློ་སྦྱང་བ་ཅི་ཤེས་གང་ཤེས་ཅི་ནས་ཅི་ལྕོག་རེ་མཛོད་དང་། དེ་ལས་ལྷག་པའི་ཆོས་ཤིག་བཀའ་མདོ་རྒྱུད་གཉིས་ན་མེད། ད་རེས་ཀྱི་མི་ལུས་འདི་ལ་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་གསོ་ཐུབ་པའི་སྒོ་ནས་ཕྱི་མར་ཐེག་ཆེན་གྱི་རིགས་སད་ངེས་ཤིག་བྱུང་ན་དེ་གས་ཀྱང་དལ་འབྱོར་སྟོང་ལོག་ཏུ་མ་སོང་། འཆི་ཚེ་འཆི་བྲོད་མེད་ཀྱང་འགྱོད་པ་ག་ལ་ཡོད། ཆོས་ཕྱག་རྫོགས་དེ་ཐེག་པའི་རྩེ་རྒྱལ་ཞིག་ཡིན་སྐད་ཐོས་པས་འགྲམ་ཆུ་ལུགས་ཀྱང་ཐེག་པའི་རྩེ་རྒྱལ་ཡིན་པ་རང་གིས་ཉམས་འོག་ཏུ་ཆུད་དཀའ་བའི་ཆོས་ཀྱི་ཁ་ཕོ་ཆེ་བས་མི་ཆོག་པར་རང་གི་ནུས་མི་ནུས་བལྟ་དགོས། ཕྱག་རྫོགས་འདི་དག་ལ་དད་པ་རི་རྒྱལ་ལྟ་བུར་བརྟན་དགོས། བརྩོན་འགྲུས་ཐང་ལྷོད་མེད་པར་གྲིམ་དགོས།ཤེས་རབ་མེ་ལྕེ་ལྟ་བུར་འབར་དགོས་པས་དད་བརྩོན་ཤེས་གསུམ་གྱི་གསེར་སྣོད་ཚེགས་སུ་མ་ཚུད་པ་ཞིག་གིས་ཕྱག་རྫོགས་སེངྒེའི་འོ་མ་འཛིན་པར་མི་ནུས་ཞེས་བླ་མ་གོང་མ་རྣམས་གསུངས་པས་ཕྱག་རྫོགས་ཀྱི་ཆོས་ལ་སྨོན་ལམ་ཐོབ། དེའི་སྣོད་རུང་གི་དད་བརྩོན་ཤེས་གསུམ་ལ་འབོད་དང་། རིང་བོར་མི་ཐོག་པར་ཕྱག་རྫོགས་ཀྱི་ལས་འཕྲོ་ཡང་ཡོད་ལོས་འོང་། གཅིག་དུ་བྲལ་ལ་བརྟེན་ནས་གནད་བཞིའི་དཔྱད་པ་ཙམ་རེས་སྟོང་པ་ཉིད་ཀྱི་ལྟ་བ་ལ་བག་ཆགས་ཆེ་ཐེབ་ཆུང་ཐེབ་བྱས་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འབྲེལ་བ་ལེགས་པོ་ཞོག་འགྲོ་བ་རེད། ལར་ཞིབ་ཏུ་ན་ང་རང་རང་ཚོད་ཀྱང་མི་ཐིག་པ་ཞིག་གིས་གཞན་གྱི་རྒྱུད་ཚོད་ཅུང་ཟད་ཙམ་ཡང་མི་ཤེས་པས་འདི་ལྟར་གྱིས་ཞེས་མཐའ་གཅིག་ཏུ་གདམས་ག་ལ་ཤེས། འདི་དག་ནི་རང་དང་རྒྱུད་ཚོད་གཅིག་པའི་སོ་སྐྱེས་ཐ་མལ་བའི་དབང་དུ་བྱས་ནས་བཤད་པ་ཡིན།སྤྱིར་ན་ཆོས་རྒྱུད་ཚོད་དང་བསྟུན་ནས་བྱེད་པ་གལ་ཆེ་བར་གསུངས་པའི་གཅིག་གི་ཆོས་དེ་ཀུན་ལ་རན་པ་མིན་པ་གོས་ཇི་ལྟ་བ་བཞིན་ཡིན་འདུག། །དེས་ན་ཁྱེད་རང་རང་གི་རྒྱུད་ཚོད་ལ་རྟོགས་དཔྱོད་ཐོངས། མཐོ་དམན་ཇི་ལྟར་ཡང་ལས་འབྲས་འདི་ཕྲ་བས་འདི་ལ་ཉིན་མཚན་མེད་པར་ཐུགས་དཔྱད་ཐོངས། སྡོམ་གསུམ་གྱི་བཅས་མཚམས་དང་། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་མ་འགལ་ཞིབ་ཏུ་བསམ་ནས་སྔར་བྱས་ལ་འགྱོད་པ། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་དང་སྦྲག་སྟེ་སྟོབས་བཞིའི་ཕྱགས་མ་ཞིག་རྒྱུན་དུ་སྣོམས་ལ་རང་རྒྱུད་ལ་ཡང་ནས་ཡང་དུ་ཕྱག་བདར་གྱིས་དང་ད་ལྟ་ཤི་ཡང་རང་སེམས་གཙང་སིང་ངེར་ཡོད་པ་ཞིག་བྱུང་ན་དེ་ཚོ་ལས་ལྷག་པ་ཞིག་མི་དགོས་འདུག་པས་ཅེས་ཀྱང་ཐུགས་ལ་ཟུངས། ད་མདོར་ན་ཚིག་བརྒྱ་པོའི་འགག་མདོ་འུབ་ཀྱིས་དྲིལ་ན་རང་རེ་ཤི་དགོས། གསོན་དུས་ཁ་རྒྱབ་ཀྱི་འདང་འདི་འདྲ་བ་ཞིག་ཤི་དུས་ཅིའི་ཕྱིར་མི་དགོས། དེ་ཐུགས་ལ་ཞོག། ང་རང་ཉིད་འཆི་དགོས་བ་མི་དྲན་པ་ཞིག་གིས་ཁྱེད་ལ་བསྐུལ་མ་འདེབས་པ་ཤིན་ཏུ་མི་འོས་ཀྱང་ནེ་ཙོའི་ཆོས་བཤད་ལྟར། དྲན་ཚོད་ཞིག་བླ་མ་རྣམས་ཀྱི་གསུང་རྗེས་ཟློས་བྱས་པ་ཡིན་པས།ཐུགས་ཀྱི་ཟེའུ་འབྲུར་བཅིང་ན་གདམས་ངག་གི་བདུད་རྩི་ནི་ཡིན་འགྲོ་བས་ཐུགས་ཉམས་སུ་བཞེས་འཚལ། ཕྱག་རྫོགས་མན་ངག་སྦྲང་ཆང་མངར་པོའི་རྒྱུན། །ང་ལ་མེད་དེ་ཐུན་མོངས་ལམ་རིམ་གྱི། །རྒྱ་ཇའི་བཏུང་བ་འདི་འདྲ་གསོལ་བས་ཀྱང་། །སྡུག་བསྔལ་སྐོམ་ཚད་སེལ་ལ་སོམ་ཉི་མེད། །ཞེས་བླ་མ་བསམ་བཟང་གི་འདུན་པ་སྐོང་ཕྱིར་དྷརྨ་སཱ་རས་རྗེ་བཙུན་ཐུགས་རྗེ་ཅན་རྣམས་ཀྱི་གསུང་རྒྱུན་བློ་ལ་ངེས་ཚོད་ཅིག་བྲིས་པ་ལགས་སོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།