​བློ་སྣ་ཆོས་ལ་བསྐུལ་བའི་གཏམ་ཡིད་དགའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-23 20:48:17     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

           ཨོཾ་སྭ་སྟི། བླ་མ་འཇམ་དབྱངས་དབྱེར་མེད། །སྙིང་གི་པདྨོར་བཀོད་དེ། །བློ་གསལ་གཞོན་པ་ཁྱོད་ལ། །སྙིང་གཏམ་ཚིག་གསུམ་སྨྲ་ཡི། །དེ་ལ་རྟོག་དཔྱོད་མཛོད་ལ། །ཐུགས་ལ་འབབ་པ་ཡོད་ཚེ། །ཐུགས་དམ་ཟེའུ་འབྲུར་བཅིང་ན། །འདི་བདེ་ཕྱི་སྐྱིད་ཡིན་ནོ། །ད་ལྟ་ཆོས་དང་འཇིག་རྟེན། །རྣམ་པ་གཉིས་སུ་ཡོད་ཀྱི། །འཇིག་རྟེན་ཚེ་འདིའི་བྱ་བཞག། །དགྲ་འདུལ་གཉེན་སྐྱོང་ལགས་སོ། །དམ་ཆོས་ཕྱི་མའི་དོན་བཟང་། །སྟོན་པའི་གསུང་བཞིན་སྒྲུབ་པ། །དེ་ལ་སེམས་ཞིག་ཡོད་ན། །མི་དགྱེས་རང་དབང་མི་འདུག། །འདི་ཕྱི་གཉིས་ཀྱི་ནང་ནས། །གལ་ཆེན་ཕྱི་མ་ལགས་སོ། །ཐུགས་ཀྱི་དགོངས་པ་ཡོད་ན། །བློ་ཁ་ཆོས་ལ་འཁོར་མཛོད། །དམ་ཆོས་ཕྱི་མའི་ལམ་རྒྱགས།ཡིད་ལ་འཆར་བ་མེད་བཞིན། །ཡེང་མ་ཡེང་ལ་ཡོད་སྐབས། །གློ་བུར་འཆི་བ་བྱུང་ན། །ཅི་བྱེད་འདི་བྱེད་མེད་པར། །འཇིགས་སྐྲག་འཁྲུལ་པའི་ངང་ལ། །རྒྱུག་རྒྱུག་མིག་རྩ་ཤར་ཚེ། །མི་ལུས་ཆུད་ཟོས་སོང་ཚར། །གཅེས་དགུའི་ཉེ་འབྲེལ་མ་ཟད། །བསྐྱངས་པའི་ལུས་ཀྱང་བསྐྱུར་ནས། །རྣམ་ཤེས་ལས་ཀྱིས་དེད་དེ། །སྐྱབས་མེད་མགོན་མེད་འགྲོ་ཚེ། །ཁྱེད་ལ་གདེངས་ཤིག་ཡོད་ན། །སྐྱེ་དགུ་དེ་དུས་ཡོད་ཀྱིས། །མེད་ན་རང་གིས་རང་བསྲུང་། །ཇི་ལྟར་འགྱོད་ཀྱང་འཕྱི་སོང་། །དེས་ན་དམ་པའི་ཆོས་ལ། །བློ་རྩེ་འཁོར་ཐབས་ཡོད་ན། །རང་ཆས་རང་མཁས་ལགས་ཀྱིས། །དེ་ལུགས་ཐུགས་ལ་ཆོངས་མཛོད། །གང་ལ་བློ་ཁ་འཁོར་བའི། །དམ་ཆོས་ཡང་དག་དེ་ཡང་། །ད་ལྟ་དུས་ཀྱི་དབང་གིས། །རེ་ཞིག་དཀོན་ཚོད་ལགས་མོད། །སྔོན་འགྲོ་ཆོས་བཅུས་སྨིན་པའི། །ཐ་མལ་སེམས་ཀྱི་ངོ་བོ། །བྱུང་གནས་འགྲོ་གསུམ་བྲལ་བའི། །ཀ་དག་ལྟ་སྒོམ་ཡོད་ན། །གསང་ཆེན་སྔ་འགྱུར་བརྒྱུད་པའི། །རིག་འཛིན་གྲལ་འཇུག་ཟིན་ཀྱང་། །སྐྱབས་སྡོམ་ཙམ་ཡང་མེད་པའི། །བན་མིན་བོན་མིན་བྱས་ན། །ཁ་ནས་ཡོད་མདོག་བྱས་ཀྱང་། །རང་མགོ་རང་སྐོར་ལགས་སོ། །གདམས་ཟབ་སྟོང་གི་སྙིང་ཁུ། །གྲུབ་ཐོབ་བརྒྱ་ཡི་གཤེགས་ཤུལ། །བརྒྱུད་གསུམ་བླ་མའི་ཕ་ཕོག། །འོད་གསལ་རྫོགས་པ་ཆེན་པོ། །བླ་མ་མེད་པའི་རང་བཟོ། །ཡོད་ཀྱང་བསྟེན་ཚུལ་ལོག་པའི། །སློབ་རྒོད་དེ་འདྲའི་རྒྱུད་ལ། །གཏན་ནས་སྐྱེ་ཚོད་མི་འདུག། །ཆོས་དེ་ཐུགས་ལ་འཕྲོད་ན། །ཆོས་ཀྱིས་ཟང་ཟིང་བསྒྲུབ་པའི། །གྲོང་ཆོག་མཁན་པོ་མིན་པའི། །ཉམས་མྱོང་ཅན་གྱི་བླ་མ། །མིག་དང་སྲོག་བཞིན་བསྟེན་ལ། །ཆོས་ལ་སྒྲོ་འདོགས་ཆོད་དང་། །ཆོས་དང་རང་རྒྱུད་འདྲེས་པའི། །རྟོག་ལྡན་དཀའ་མོ་མ་རེད། །ཆོས་དང་བླ་མའི་དོན་གཉེར། །ཁ་ཙམ་ཚིག་ཙམ་བྱས་ཏེ། །འཁོར་བའི་འཁོར་ལོ་བསྐོར་བཞིན། །བསྒོམ་སྐད་ཐན་སྐད་ལགས་སོ། །སྔོན་འགྲོ་གནའ་ནས་ཞུས་ཟེར། །མི་ལུས་ཐོབ་དཀའ་ཙམ་ཞིག། །ནམ་ཡང་དྲན་རྒྱུ་མེད་ན། །སྔོན་འགྲོ་སྔོན་སོང་དོན་མེད། །དེ་བཞིན་རྩ་རླུང་རྫོགས་ཆེན། །ཞུ་རྒྱུ་ཐོབ་རྒྱུ་མང་ཡང་། །གནད་དོན་སེམས་ཀྱི་སྟེང་ན། །དགེ་སྒྲུབ་སྡིག་སྤང་ཙམ་ཞིག། །མེད་པར་ཤི་གསོན་དཀོར་གྱིས། །མི་གཙང་ལུས་འདི་གསོས་གསོས། །ད་གཟོད་བྱ་ཁྱིའི་ཟས་སུ། །བསྐྱུར་ཚེ་དོན་མེད་ལགས་སོ། །དེ་ལྟར་མ་བྱེད་གཞོན་པ། །རང་ཚོད་རང་གིས་ཟུང་ལ། །རང་དོན་དམ་ཆོས་རྣལ་མ། །ཐུགས་དམ་མཛད་ན་དགའ་འོ། །མིན་ན་སོར་གསུམ་གཙུག་ཕུད། །མཁན་སློབ་ཕྱག་ཏུ་ཕུལ་ཏེ། །བསྟན་པའི་རྩ་བ་ཚངས་སྤྱོད། །ཉམས་བཞེས་མཛད་ན་ལེགས་ཀྱང་། །ན་ཚོད་གཞོན་ནུ་བུང་བ། །གྲོང་གི་མེ་ཏོག་ཚལ་གྱི། །རབ་དགའི་སྦྲང་རྩིའི་གསོས་པས། །དེ་ལ་ཕྱིར་ལྡོག་དཀའ་འོ། །དེས་ན་གཞོན་ཆུང་ཁྱེད་ཀྱིས། །འཆི་ཆོས་བརྗེད་པ་མེད་ན། །འདོད་ཡོན་སྤང་པ་མེད་ཀྱང་། །འདོད་ཡོན་གྲུབ་པ་ཡོད་ཀྱིས། །ནམ་ཡང་ཐུགས་ཀྱི་ཟེའུ་འབྲུ། །དམ་པའི་ཆོས་ཀྱིས་མཛོད་ལ། །ཐེག་མཆོག་ཆོས་ཀྱི་བག་ཆགས། །ཅི་ཐོབ་གང་ཐོབ་མཛོད་ཅིག། །རང་ལ་རང་མདོ་མེད་བཞིན། །གཞན་ལ་བསྐུལ་མ་དཀའ་ཡང་། །རང་རེ་འདྲིས་པ་ལགས་གཤིས། །གང་དྲན་ཐོལ་བྱུང་ལགས་སོ། །ཞེས་པ་འདི་ཡང་གཞོན་ནུ་རིགས་འཛིན་རྡོ་རྗེ་ལ། བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས་བསམ་པ་དྲང་པོའི་ཆོས་ཀྱི་བསྐུལ་མ་བཏབ་པ་དགེ་ལེགས་འཕེལ།།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།