ཐོས་བསམ་སློབ་གཉེར་མཛོད་དང་བློ་གསལ་བཙུན་ཆུང་། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-21 22:58:35     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

       དྲིན་ཅན་བླ་མ་རྫོགས་པའི་སངས་རྒྱས་དངོས། །སྐྱོན་ཟད་ཡོན་ཏན་ལྡན་པའི་ཞབས་པདྨོ། །སྤྱི་བོར་ཐོབ་ཀྱང་དད་གུས་དམན་པའི་སྒོས། །ཡོན་ཏན་ནོར་གྱི་ཕོངས་པ་དྷརྨའི་མིང་། །དེ་ལ་རང་བཞིན་དྲང་པོ་མེད་མོད་དེ། །འོན་ཀྱང་དམ་པའི་གསུང་སྒྲོས་རྗེས་ཟློས་ཀྱིས། །ལེགས་བཤད་གཏམ་ནི་དྲང་པོ་སྨྲ་ཤེས་པ། །ནེ་ཙོ་བཞིན་དེ་འདི་ལ་ལྟད་མོར་མཛོད། །གཞུང་བཟང་བརྒྱ་ལས་དལ་འབྱོར་རྙེད་དཀའ་ཞེས། །གསུང་འདི་བདེན་པའི་དོན་ཅན་ལོས་ཡིན་ཏེ། །ཞིབ་ཏུ་བསམ་ན་དབྱར་གྱི་འབུ་སྲིན་གྲངས། །འདི་གཅིག་པུས་ཀྱང་མི་ལུས་དཀོན་ཐག་ཆོད། །མི་ལུས་ཙམ་རེ་ཐོབ་པ་ཕལ་མོ་ཆེ། །དཀོན་མཆོག་མཚན་ཐོས་ཐལ་མོ་ཡ་གཅིག་ཙམ། །ལན་གཅིག་སྦྱར་བའི་དུས་ཀྱང་མི་འོང་ན། །རྐང་བཞི་རྐང་གཉིས་མ་གཏོགས་དུད་འགྲོ་དངོས།།དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་རྣམས་ཀྱང་། །འབྲོག་པ་ཕྱུགས་དང་རོང བ་ཞིང་ལས་སོགས། །ཚེ་འདིའི་ཁ་རྒྱབ་ཁོ་ན་བསམ་བསམ་ནས། །ཕྱི་མའི་ཆོས་ལ་སེམས་པ་སུ་ཞིག་ཡོད། །དེ་ལྟ་ནའང་ཚེ་རབས་ཕྱི་མའི་འཕྲེང་། །མེད་ན་ཅི་འདོད་ཅི་དགྱེས་བྱས་ཆོག་ཀྱང་། །རྒྱང་འཕེན་མ་གཏོགས་ཕྱི་ནང་གྲུབ་མཐའ་ཀུན། །ཡོད་པར་ཞལ་འཆམ་འདི་ལ་ཐེ་ཚོམ་ཅི། །དེས་ན་ད་ལྟ་ཤ་ཁྲག་སྒྱུ་མའི་ལུས། །ན་སོའི་མ་བཅོམས་གཞོན་པའི་སྣང་ཚུལ་ལ། །ཅིས་ཀྱང་མི་སྐྱོན་གང་བྱུང་ལག་ལེན་ལུགས། །འདི་འདྲའི་ནམ་ཞིག་རང་མགོ་སྐོར་ཉེན་ཆེ། །བློ་གཏད་མི་ཕེར་འཁོར་བའི་བདེ་སྐྱིད་ཀྱི། །སྤྱི་སྲོལ་ལེགས་ཏེ་དགོས་སུ་གཡར་བོའི་ལུས། །འབྱུང་བཞིའི་ཚོགས་པ་རང་སར་ཞིག་གྱུར་ཏེ། །དབང་མེད་ལུས་སེམས་ནམ་བྲལ་ཆ་བཞག་ཅི། །བླ་མར་བརྫུས་ཏེ་ཤི་ལག་སྦྲེལ་སྦྲེལ་ནས། །དཀོར་གྱི་ཕུང་པོ་རི་ཙམ་བསགས་པ་ཡང་། །ཤུལ་དུ་སྐྱུར་ཏེ་ལག་སྟོང་འགྲོ་དགོས་ན། །གྲོང་ཆོག་འགྲིམ་ཀྱང་འོལ་བའི་སྦལ་བ་བཞིན། །དཔོན་པོའི་ཚུགས་ཀྱིས་ཆགས་སྡང་བསོགས་བསོགས་ནས། །སྡེ་འབངས་གྲངས་ཀ་རྩི་ཤིང་བཞིན་འདུས་ཀྱང་། །ཤུལ་དུ་བསྐྱུར་ཏེ་གཅིག་པུར་འགྲོ་དགོས་ན། །ཐོབ་ཐང་འགྲན་པ་ཡི་མུག་སྣོན་མ་སྟེ། །མདོར་ན་འཇིག་རྟེན་འདི་ན་ཆེ་དགུའི་དངོས། །བདེ་སྐྱིད་ཡོན་ཏན་ཡིན་ལོས་རྣམ་གྲངས་ཀུན། །སོ་སྐྱེ་རྨོངས་པ་འབྲིད་པའི་གཡོ་འཕྲུལ་ཏེ། །དུག་ཅན་མངར་བཞིན་ལགས་འདི་མཁྱེན་ལགས་སམ། །དེ་སླད་ཁྱེད་ཀྱང་རང་གཞན་འདི་ཕྱིའི་ཚུལ། །ཤིན་ཏུ་ཡ་ངའི་གནས་འདི་ཡ་ང་བ། །དགོངས་པ་ཡོད་ན་དམ་པའི་ལྷ་ཆོས་ཉིད། །ཐུགས་ཀྱིས་ཟེའུ་འབྲུར་ཉིད་དུ་བཅིངས་བར་རིགས། །སྔར་ཞིག་སྟོན་པའི་དམ་ཆོས་ཁྱབ་བརྡལ་དུ། །འགྲོ་བའི་བསོད་ནམས་ཞིང་དུ་དར་ཆེ་ཡང་། །ལྷ་ཆོས་སྒྲུབ་པའི་ཁྱིམ་པ་རབ་བྱུང་གཉིས། །ཡོད་ཕྱིར་ཁྱིམ་བཙུན་མཛད་ན་མི་ལགས་སམ། །བསྟན་པའི་འཇུག་སྒོ་ཕྱི་ནང་ལམ་གྱི་མདོ། །སངས་རྒྱས་སྟོན་དང་དམ་ཆོས་སྐྱོབ་པ་དངོས། །དགེ་འདུན་གྲོགས་སུ་འཛིན་པའི་སྐྱབས་འགྲོའི་བློ། །ཁ་ཙམ་མིན་པའི་ཉམས་ལེན་མི་མཛད་དམ། །བསྐྱེད་རྫོགས་རྫོགས་ཆེན་ཟབ་མོའི་ཆོས་ཐམས་ཅད། །ཡང་དག་ལྟ་ལ་བརྟེན་པ་ཤ་སྟག་སྟེ། །ཡང་དག་ལྟ་འདི་ལས་འབྲས་བསླུ་མེད་དུ། །ངེས་པའི་བློ་ལ་ཤིང་རྟ་ཆེན་པོས་བཞེད། །དེ་ཕྱིར་རྒྱུ་དང་འབྲས་བུ་མ་འཆོལ་བས། །ཤེས་རབ་སྲང་ལ་ཤེས་བྱའི་ལྕིད་གཞལ་ཏེ། །རིལ་བོར་འཛིན་པའི་ལྟ་ངན་བཟློག་པའི་སྒོས། །དགེ་སྡིག་བླང་དོར་ཞིབ་ན་མི་ལགས་སམ། །སྔགས་པ་ཡིན་ཀྱང་ལས་འབྲས་རྩར་འདོན་པའི། །སྡེ་སྣོད་གསུམ་འདི་རྡོག་པའི་དྲིལ་བྱས་ཏེ། །བསྟན་དང་སྟོན་པ་གཞན་ཞིག་ཁས་ལེན་པའི། །དོན་གྱི་མུ་སྟེགས་བྱེད་འདི་མཛད་ལགས་སམ། །དང་པོར་ནང་པ་དེ་ནས་ཐེག་ཆེན་པ། །དེ་ནས་གསང་སྔགས་འཆང་བའི་རིག་འཛིན་ཏེ། །སྐས་ཀྱི་ཐེམ་པ་བགྲོད་པ་ལྟ་བུ་ཡི། །བསྟན་པའི་གོ་རིམ་འདི་འདྲའི་ཉམས་ལེན་ལ། །ས་དགེ་རྙིང་མ་ཀུན་ཀྱང་བབས་མཐུན་པའི། །གསང་སྔགས་ཡིན་ཞེས་མགོ་མེད་མཇུག་མེད་ཅིག། །དུམ་ཆོད་མཛད་དེ་ཁ་ཁྲམ་འཇལ་བ་ལྟའི། །དམ་ཆོས་དོན་ལ་མེད་པ་མཛད་ལགས་སམ། །ཁ་ལ་ཡ་རབས་སྡེ་སྣོད་བཤད་པ་གྱེར། །དོན་ལ་ཡ་རབས་ལས་འབྲས་མི་འཆོལ་བའི། །གང་ཟག་ཡ་རབས་མཁས་པ་མགུ་བའི་ཡུལ། །མཛད་པ་ཡ་རབས་དེ་འདྲ་མི་མཛད་དམ། །ཁ་ལ་མ་རབས་སྟོང་ལྟ་སྣང་ཁམ་ཆེ། །དོན་ལ་མ་རབས་སྡིག་སྤྱོད་དང་དུ་ལེན། །གང་ཟག་མ་རབས་རང་ཕོངས་རོགས་བརླག་པས། །མཛད་པ་མ་རབས་དེ་འདྲ་མཛད་ལགས་སམ། །ཡ་རབས་མ་རབས་སྤྱོད་པའི་ཁྱད་པར་ཏེ། །སྤྱོད་པ་བཟང་ངན་བསམ་པའི་ལེགས་ཉེས་ཡིན། །བསམ་པ་ཁྱད་འཕགས་དམ་པ་བསྟེན་པ་དང་། །སྡེ་སྣོད་མཐོང་ལ་རང་བཞིན་ཤུགས་ཀྱིས་སྐྱེ། །དེ་སླད་ཡ་རབས་གྲོགས་ལ་མིག་ལྟོས་དང་། །མདོ་དང་བསྟན་བཅོས་མཐོང་པར་མཛད་གྱུར་ན། །ཁྱིམ་ན་གནས་ཀྱང་ཡང་དག་ལྟ་བ་ཡིས། །མཛད་སྤྱོད་ཆོས་ཀྱི་སྲོལ་དུ་ཆུད་པར་འགྱུར། །དོན་དེ་དགོངས་ནས་བསླུ་མེད་རྒྱལ་བའི་བཀའ། །ཡིད་ཆེས་ཡུལ་དུ་བཟུང་ནས་སྨྱོན་པ་ལྟའི། །གདོལ་སྤྱོད་གྲུབ་པར་རློམ་པའི་བཟང་བརྫུ་སྟེེ། །བཟང་ངན་རང་བབས་གཤིས་ལ་ལྷུག་པར་ཞོག། །དངོས་སུ་བསྟོད་དེ་ལྐོག་ཏུ་གྲག་ཏོ་དང་། །གཞན་སེམས་མི་དགའ་དོགས་དང་མི་མཛེས་དོགས། །གང་ཡིན་གང་བྱུང་གཤིས་ལ་གློད་མཛོད་དང་། །རེ་དོགས་རང་གྲོལ་གུ་ཡངས་ཡང་ཁྲོལ་ལེ། །ཆོས་བརྒྱད་ཆུ་ཡི་གཉེར་མ་དྭངས་བའི་འོག། །འོད་གསལ་སེམས་ཀྱི་ལྟད་མོ་འབུམ་མཐོང་ཏེ། །འདི་སྣང་སྤྲིན་གྱིས་ཡོལ་བའི་གཡོགས་བསལ་ན། །ཐེག་དགུ་ནམ་མཁའི་རང་འོད་དེ་རུ་གསལ། །དེ་འདྲ་དགོངས་ལ་བཟང་ངན་སྤྱོད་པའི་བབས། །ཐུགས་ཀྱིས་གཞིག་ཏེ་གང་བྱུང་བྱུང་རྒྱལ་དུ། །འདི་ཕྱི་གཉིས་མེད་རང་སུན་རོགས་སུན་ཞིག། །མི་མཛད་བསམ་སྦྱོར་གྱེན་དུ་ཕྱོགས་པར་ཞུ། །དྷརྨ་སཱ་རས་སོ།། །།

༄༅། །རྗེ་བཙུན་འཇམ་དབྱངས་བླ་མའི་རྣམ་པར་བྱོན་པ། །མཁས་དང་གྲུབ་པའི་ཡོན་ཏན་མངོན་དུ་གྱུར་པའི། །དཔལ་ལྡན་སངས་རྒྱས་རོལ་བ་དེ་ལ་བཏུད་དེ། །དྲང་པོའི་གཏམ་གྱིས་བློ་ལ་མཆིད་གྲོས་འདེབས་ན། །བྱང་ཆུབ་ལམ་རིམ་མིན་པའི་ཞལ་གདམས་དགོས་སྐད། །རང་རྒྱུད་ཚུལ་ཁྲིམས་མིན་པའི་ཉམས་ལེན་བྱེད་མདོག། །སྐྱབས་འགྲོ་ལས་འབྲས་མིན་པའི་བསྒྲུབ་བསྒྲུབ་རྣམ་གྲངས། །ཆོས་སུ་སོང་ན་ལེགས་ཀྱང་ང་འདྲས་ཅི་ཤེས། །གསར་རྙིང་མཁས་པ་སྟོང་གི་ཕྱག་བཞེས་གཙང་མ། །རང་རྒྱུད་སྲུང་སྡོམ་དག་པ་འདི་རང་ཡིན་ན། །མི་སྔུན་ཇོ་མོའི་རྣམ་ཐར་ཙམ་ཞིག་མིན་པར། །རང་སེམས་རང་ལ་མི་ཁྲེལ་གལ་པོ་ཆེ་ལགས། །ཚུལ་ཁྲིམས་གསེར་གྱིས་རྒྱན་དེ་ཅི་ཡང་མཛེས་པས། །མང་ཐོས་བཻཌཱུར་སྔོན་པོའི་ཕྲ་ཡིས་སྤྲས་ན། །རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་པ་འོང་གི །ཐོས་བསམ་སློབ་གཉེར་མཛོད་དང་བློ་གསལ་བཙུན་ཆུང་། །དྷརྨ་སཱ་རས་བྲིས།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།