སྤྱན་མིག་གྱེན་ལྟོས་མཛད་ན་རན་གདའ་བས། །མྱུར་བར་ཆོས་ལ་བརྩོན་ན་ལེགས་པའི་ཚོད། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-21 22:49:05     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

            རྗེ་བཙུན་འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚེ་རབས་ཀྱི་ཕྲེང་བར་ལྟོས་བཅས་དཔོན་སློབ་ཀུན་རྗེས་སུ་བཟུང་དུ་གསོལ། འདིར་ཚེ་གཅིག་གི་བྱ་བ་གལ་ཆེ་བའི་གནད་འགག་འཆུག་མི་རུང་བའི་མདོར་རྩ་རྣམས་གསལ་འདེབས་སུ་འབྲི་ཡི་རྡོ་ལ་རི་མོ་ལྟར་ཡིད་ལ་འགྱུར་བ་མེད་པར་བཅག་མཛོད། དེ་ཡང་གནད་དང་པོ། ༡ཚིག་བཞི་བ་ཞིག་ཐོས་པ་ཡན་ཆད་ཀྱི་གང་ཟག་ལ་བླ་མ་དང་སློབ་དཔོན་གྱི་འདུ་ཤེས་བཞག་སྟེ་དངོས་སུ་གཤེ་བ་ཕར་ཞོག  ལྐོག་ཏུ་སྨོད་པ་ཙམ་ཡང་མ་ཤོར་བ་བྱ་ཞིང་། གལ་སྲིད་ཅུང་ཟད་ཤོར་ན་ཡང་མི་སྐྱོན་སྙམ་ནས་རང་གར་མི་འཇོག་པར་བཤགས་སྡོམ་བྱ་བའི་སྒོ་ནས། ལུས་ངག་གི་བསྙེན་བཀུར་ཞབས་ཏོག་ཅི་ནུས་དང་ལེན་བྱ་དགོས། དེ་ལྟར་བྱས་ན་རང་ རྒྱུད་ཇེ་དག་ཏུ་སོང་ནས་ཡོན་ཏན་ཡར་འཕེལ་གྱི་མགོ་ཚུག་འགྲོ་ཞིང་མིན་ན་ལེགས་ཚོགས་ཀྱི་རྩ་བ་ཆད་འགྲོ་བས་ཤིན་ཏུ་གཟབ་དགོས། འདི་རྟེན་འབྲེལ་བཟང་པོའི་མགོ་ཡིན་པས་ཅི་ནས་ཀྱང་འགྲིག་པ་གལ་ཆེ། གནད་གཉིས་པ། ༢ཐེག་པ་གོང་འོག་མདོ་སྔགས་ཐམས་ཅད་དང་། ཐ་ན་མངོན་མཐོ་ཙམ་སྒྲུབ་པའི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཡན་ཆད་ཀྱི་རང་ལམ་གྱི་དོན་དུ་གཉེར་བྱའི་འབྲས་བུ་སྒྲུབ་པ་ཐམས་ཅད་ཀྱི་སྒྲུབ་པ་ཐབས་ཀྱི་ཁོག་ཤིང་རང་རང་གི་ཚུལ་ཁྲིམས་ལ་རག་ལས་པས། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་པ་ཡིན། དེས་ན་སྡོམ་གསུམ་གྱི་ཚུལ་ཁྲིམས་དག་པ་ཞིག་མེད་དུ་མི་རུང་པས་གནད་འགག་གལ་ཆེན་པོ་ཡིན། དེའི་ནང་ནས་ཀྱང་དང་པོ་སོ་ཐར་གྱི་སྡོམ་པ་འདི་བསྟན་པའི་རྩ་བ་ཡིན་པས་འདི་དག་པ་ཞིག་དགོས། འདི་དག་པ་ལའང་སྤང་བྱ་ཉིས་བརྒྱ་ལྔ་བཅུ་སྤོང་པ་སོགས་མང་པོ་ཞིག་ཡོད་ཀྱང་ལྟུང་བ་གཞན་དུས་ཚིགས་གསོ་སྦྱོང་སོགས་ཀྱིས་འཕྲལ་དང་འཕྲལ་དུ་བཤགས་པས་ཚུལ་ཁྲིམས་ཀྱི་རྐང་མི་ཆད་ལ། ཕམ་ལྷག་བཅུ་བདུན་པོ་དང་འགལ་བས་ཚུལ་ཁྲིམས་ལ་སྐྱོན་ཆེན་པོ་ཞུགས་པ་ཡིན་ལ། ཡང་དགོས་ཕམ་པ་བཞི་པོ་སྨྲོས་ཅི་དགོས། ཁུ་བ་འབྱིན་པ་དང་འཁྲིག་ཚིག་སྨྲ་བ་སོགས་ལྷག་མ་འདི་དག་ཀྱང་རང་ཐད་ནས་ཉེས་དམིགས་ཆེ་ཞིང་མི་ཚངས་སྤྱོད་ཀྱི་རྒྱུར་འགྱུར་བས་དགག་བྱ་ཤིན་ཏུ་ཆེ། མདོར་ན་སོ་ཐར་གྱི་སྡོམ་པ་བརླག་པའི་རྒྱུ་ཆེ་ཤོས་རང་རེ་ལ་འབྱུང་དུ་ཉེ་བ་འདི་དག་ཡོད་དེ། བུད་མེད་ལ་དགའ་ཞིང་འགྲོགས་འདྲེས་ཆེ་བ། འཁྲིག་བདེ་ལ་སྲེད་པས་ལྷག་མ་དང་པོ་སོགས་ལ་མི་འཛེམ་པ། རྒྱུ་རྫས་ཡོ་བྱད་ལ་གདུང་པས་གཡོ་སྒྱུ་སྐོར་མགོའི་བྱ་སྤྱོད་མང་པ་ཞེ་སྡང་ཆེ་བས་དགྲ་སོགས་ལ་མཐུ་གཏད་དམོད་གསུམ་ལ་དགའ་བ། གྲགས་པ་སྙན་པ་ལ་རེ་བས་མཁྱེན་མདོག་དང་གྲུབ་མདོག་བྱེད་པ་རྣམས་ཀྱིས་ནི་རང་རྒྱུད་ཀྱི་སྡོམ་པ་ཆུ་དོར་བྱེད་ངེས་པ་ཅན་ཡིན་པས་ཤིན་ཏུ་གཟབ་པ་གལ་ཆེ། དུས་རྒྱུན་དུ་དེ་དག་ལ་འཛེམ་དགོས་སྙམ་པ་ཞིག་ཡིད་ལ་མ་འབྲལ་བར་ཡོད་དགོས། དེ་དག་སུ་ལ་ཡོད་ན་ཚུལ་ཁྲིམས་དང་ལྡན་པ་ཡིན། ཚུལ་ཁྲིམས་དང་མ་ལྡན་ནས་བཟུང་ཏིང་ངེ་འཛིན་དང་། ཤེས་རབ་སྨོས་མ་དགོས་པར་བསླབ་གསུམ་གྱི་ཡོན་ཏན་དང་བྲལ་བ་ལ་རྟོགས་པ་མཐོན་པོའི་སྟངས་ཀ་དང་། གྲུབ་པ་ཐོབ་པའི་ཤོམ་ར་ཅི་བྱས་ཀྱང་གཞན་མགོ་བསྐོར་ཏེ། རྒྱུ་རྫས་ལེན་པའི་རྫུན་ཆུང་། རང་ཉིད་ཀྱིས་དད་གཤིན་གྱི་དཀོར་ལ་ཡོན་ཏན་མེད་བཞིན་ལོངས་སྤྱད་ནས་དམྱལ་བ་ཆེན་པོ་བསྒྲུབ་བསྒྲུབ་པའི་རང་མགོ་བསྐོར་བའི་རྫུན་ཆེན། ཡ་ང་ཞིང་ཡི་མུག་པའི་གནས་ཡིན་པས་ཡོན་ཏན་གྱི་རྐང་རྩ་ཚུལ་ཁྲིམས་ཀྱི་གཞུང་ཤིང་ཞིག་རལ་ཏུ་མ་སོང་བ་ཞིག་གལ་ཆེ་གལ་ཆེ། ཚུལ་ཁྲིམས་ཞིག་རལ་ཏུ་སོང་ནས་བཟུང་ཆོས་ཀྱི་རྩ་བ་ཆད་པས་བསྟན་བཤིག འཇིག་རྟེན་གྱི་ཡ་རབས་ཀུན་ཁྲེལ་ཞིང་གཤེ་བའི་བླ་བཙོང་། བླ་མ་གོང་མའི་སྐྱེ་མིང་བཏགས་པ་ལ་ཞབས་འདྲེན་དུ་སོང་བའི་རྐང་འདྲེན་པོ་ཞིག་ཡིན་པས་མ་རབས་ཐ་ཆད་ལྟས་ངན་རྔ་མོང་གི་སྤུན་ཟླ་ཞིག་བྱེད་ག་ལ་རུང་བས་གཟོབ། ཚུལ་ཁྲིམས་མི་དག་པའི་རྒྱུ་རང་ངོས་ནས་འདོད་ཆགས་ཆེ་བ། ཞེ་སྡང་མང་བ་འདི་ཚོ་ཡིན། རྟོགས་ངན་རེ་རེས་ཀྱང་བྱ་བ་ངན་པ་ལ་སྦྱོར་ནས་ཚུལ་ཁྲིམས་མ་དག་ཏུ་བཅུག་སྟེ་རྐང་རྩ་གཅོད་པས་རྒྱུན་དུ་རང་གི་སེམས་ལ་བརྟགས་ཏེ་ཆགས་སྡང་གི་རྣམ་རྟོག་ངན་པ་སྐྱེ་འོང་བའི་ཚེ་འདིའི་བརླག་འདྲེ་ཕྱི་རོལ་ན་མེད། ཁོ་ཡིན་སྙམ་ནས་དེ་འབུར་འཇོམས་ཨེ་ཐུབ་དང་། ཁོ་ལ་བདེན་ཁ་བྱིན་ཏེ་ཁོའི་རྗེས་སུ་མི་འབྲང་བ་ཞིག་གལ་ཆེ། ཕྱི་རོལ་ན་བྱ་བ་ངན་པ་ལ་སྦྱོར་བའི་གྲོགས་ངན་དེ་ཚུལ་ཁྲིམས་གྱི་ཕུང་འདྲེ་ཡིན་པ་རྒྱ་རོང་བླ་མའི་ལོ་རྒྱུས་དང་། སྔོན་ཆད་ཆང་འཐུང་སྤུན་གྱི་ལོ་རྒྱུས་ལྟར་ཡིན་པས་མ་རབས་དང་མ་འགྲོགས། ཚུལ་ཁྲིམས་ཀྱི་གེགས་སེལ་ཞིང་ལམ་དུ་འགྲོ་བའི་སྐུ་རིམ་དུ་བླ་མ་དཀོན་མཆོག་ལ་གསོལ་འདེབས་དང་། ཕྱག་མཆོད་སོགས་བསགས་སྦྱངས་སྨོན་ལམ་འདེབས་པ་སོགས་སྒོ་ཐམས་ཅད་ནས་ཤི་རེམ་རོ་རེམ་དགོས། གནད་གསུམ་པ། ༣ ཤི་རྒས་ཀྱི་མཐའ་ལ་ཐུག་པར་རྒྱལ་བའི་གསུང་རབ་ཀྱི་དོན་ལ་ཆེ་ཤེས་ཆུང་ཤེས་བྱས་ཏེ། ནམ་ཡང་བསྐྱུར་མ་བཞག་ན་ཚེ་འདིར་ཡང་རྣ་བ་ཡ་རབས། ཕྱི་མ་མཁས་པ་ཤེས་རབ་ཅན་གྱི་ལུས་ལེན་པས་ཚིགས་བཞི་རེ་ཙམ་ནས་བཟུང་བག་ཆགས་གང་ཐེབ་ཡག་པོ་མཛད་དགོས། མདོར་ན་དུས་རྒྱུན་དུ་བླ་མ་ལ་དད་གུས་མཆེད་གྲོགས་ལ་བརྩེ་གདུང་ཚུལ་ཁྲིམས་ལ་གཅེས་སྤྲས། གཞུང་ལུགས་ལ་གོམས་འདྲེས་ཆེ་འགྲོ་ཆུང་འགྲོ་སོགས་ཡ་རབས་དམ་པའི་སྤྱོད་པ་ལ་ཁ་མིག་ཡར་བལྟས་རེ་རེམ་རེམ། གསོན་གྱི་སྙིང་གཏམ་དང་ཤི་བའི་ཁ་ཆེམ་ཡིན་མ་འཆུག  

ན་མོ་གུ་རུ། ཐོག་མར་བླ་མ་དམ་པ་བསྟེན་པ་གཅེས། །བར་དུ་ཐོས་བསམ་སློབ་གཉེར་བྱེད་པ་གཅེས། །ཐ་མ་ཐོས་དོན་རྒྱུད་ལ་འབྱོར་བ་གཅེས། །གཅེས་པ་གསུམ་ལ་གཅེས་སྤྲས་མཛད་འཚལ་ལོ། །ཐོག་མཐའ་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་པའི། །རྣམ་ཐར་གཙང་མ་ཐུགས་ཀྱི་ཟེའུ་འབྲུ་རུ། །བཟུང་ན་བསྟན་འཛིན་དམ་པའི་གྲངས་ཡིན་ཏེ། །མིན་ན་མི་ནག་བསླུ་བའི་ཐོ་ཅོ་ཡིན། །སྤྲུལ་བའི་སྐུ་ལ་ཆ་རྒྱུས་ཆེར་མེད་པས། །ཅལ་ཅོལ་གཏམ་གྱིས་མཚང་ལ་མི་རྒོལ་གྱིས། །སྤྱན་མིག་གྱེན་ལྟོས་མཛད་ན་རན་གདའ་བས། །མྱུར་བར་ཆོས་ལ་བརྩོན་ན་ལེགས་པའི་ཚོད། །ཞེས་པ་འདི་ཡང་དྷརྨ་སཱ་རས་སྤེལ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།