དགེ་སློང་སྦྱིན་པ་རྒྱ་མཚོ་ལ་གནང་བའི་ཞལ་གདམས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-21 22:42:00     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

        རྗེ་བཙུན་ཐུགས་རྗེ་ཅན་དེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དགེ་སློང་སྦྱིན་པ་རྒྱ་མཚོ་ལགས། ཞལ་གདམས་བྲིས་ཤིག་ཟེར་མཁན་མང་ཞིང་བལྟ་རྟོགས་མི་བྱེད་པའི་སུན་ཞིང་། ལྷག་ཏུ་ནད་རོས་མི་ལྕོག་ན་ཡང་། ཁྱེད་ཤ་ཚ་ཞིང་སེམས་ལ་ཨེ་མི་འཛིན་སྙམ་ནས་ཤི་ཆོས་ཀྱི་ལག་ལེན་མདོར་བསྡུས་གནད་དུ་དྲིལ་ཏེ་བརྗེད་ཐོར་འགོད་ན། སྤྱིར་པོ་ཏི་ལྔའི་གཞུང་བཤད་ཀྱི་ལག་ལེན་སྐྱེས་བུ་གསུམ་གྱི་ལམ་རིམ་ཉིད་ལ་བློ་རྩེ་གཏོད་ལ་ཐོས་བསམ་སྒོམ་གསུམ་ཆིག་དྲིལ་མཛོད། ཁྱད་པར་དུ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པས་དགེ་བའི་བཤེས་གཉེན་མིག་འབྲས་ལྟར་བསྟེན། ཅི་གསུང་དང་དུ་ལོངས། མི་ལུས་ཐོབ་པ་ད་རེས་ཙམ་ཡིན་པས་ཆུད་ཟོས་སུ་ཅེས་ཀྱང་མི་གཏོང་སྙམ་པའི་ཞེ་དམ་ཡང་ནས་ཡང་དུ་འཆོས། མི་བཏང་ལུགས་ལ། སྐྱེས་ནས་མ་ཤི་བ་སུ་ཡང་མེད་པས་ང་རང་ཡང་ངེས་པར་འཆི་སྙམ་དུ་སོམས། འཆི་བ་དེ་ཡང་དོ་དགོང་ཙམ་ཡང་མི་འོང་བའི་ངེས་པ་ཅི་ཞིག་ཡོད།འོང་ཆོག་ཆོག་ཡིན་འོང་ཚེ་སྒྱུ་ལུས་ཤ་ཁྲག་གི་ཕུང་པོ་འདི་ཙམ་ཡང་མི་དབང་ན་གཞན་ཉེ་འབྲེལ་ནོར་རྫས་སོགས་ཀྱིས་མི་ཕན་ངེས་ཅན་ཡིན། ཞེས་ཡང་ཡང་སོམས་ལ་འདི་སྣང་གི་བཀོད་རྒྱ་མང་བོའི་བློ་སྣ་ཇེ་ཐུང་དུ་ཐོངས། ཤི་བའི་འོག་ཏུ་རང་རེ་སོ་སྐྱེས་ཐ་མལ་བ་ལ་སྐད་ཅིག་རེ་བཞིན་སྡིག་ལྟུང་གི་གཏེར་ཁ་བརྡོལ་བ་ལྟ་བུ་ཡིན་པས་ངན་སོང་དུ་འགྲོ་བའི་ཉེན་ཆེ། སོང་ན་སྡུག་བསྔལ་གྱི་རྒྱ་མཚོ་ཁོལ་ལུགས་མདོ་སྡེ་རྣམས་ནས་གསུངས་ཚོད་ལ་དཔག་ན་ཇི་ལྟར་བཟོད་དེས་ན་དེ་རིང་སང་ནས་ངན་སོང་གི་སྐྱེ་སྒོ་ཁེགས་པ་ཞིག་ཅིས་ཀྱང་དགོས་སྙམ་དུ་སྙིང་ལ་རུས་པ་ཚུགས། དེ་ཡང་ སྐྱོབ་ངེས་ཀྱི་སྐྱབས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པས་ཉིན་རེ་བཞིན་ཡང་ནས་ཡང་དུ་སྐྱབས་འགྲོ་རང་སེམས་འཚངས་ངེས་ཀྱིས་ལ་བསྟན་པའི་སྒོ་ཁང་ནས་ཡར་ནང་པ་སངས་རྒྱས་པའི་གྲྭལ་དུ་ཕེབས། དཀོན་མཆོག་གསུམ་གྱི་སྐྱོབ་མི་སྐྱོབ་ཀྱང་རང་ལ་ཐུག་པས་བསླབ་བྱ་དང་ལས་འབྲས་བླང་དོར་གྱི་ལག་ལེན་ཞིབ་མོ་གྱིས། ལས་འབྲས་དང་འགལ་བའི་སྡིག་པ་བཅས་མཚམས་དང་འགལ་བའི་ལྟུང་བ་རྣམས་ཅི་མི་སྙམ་དུ་མི་འཇོག་པར་སྟོབས་བཞིའི་བཤགས་བསྡོམ་ཉི་མ་རེ་རེ་བཞིན་དུ་མ་སྐྱུར་ལ་མེ་ལོང་གི་གཡའ་ཕྱིས་པ་བཞིན་དུ་རང་རྒྱུད་བྱི་དོར་གྱིས། ཕྱི་མ་ཡང་ཆོས་སྒྲུབ་པའི་རྟེན་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་གྱི་ལུས་རྟེན་བཟང་པོ་ཐོབ་པའི་རྟེན་འབྲེལ་ད་ནས་སྒྲིགས། འཁོར་བ་མཐོ་དམན་མེད་པར་སྡུག་བསྔལ་བའི་ཚུལ་ཡང་ཡང་སོམས་ལ་མངོན་མཐོ་ཙམ་ལ་ཡང་མ་ཞེན་པར་ཐར་བ་དོན་གཉེར་གྱི་ངེས་འབྱུང་གི་བསམ་པ་བསྐྱེད་ལ་དེའི་སྤྱོད་པ་ཚུལ་ཁྲིམས་གཙང་མ་ལ་འབད། འཁོར་བའི་གནས་འདིར་དགྲ་གཉེན་བར་མའི་སྣང་ཚུལ་ལ་ངེས་པ་གཏན་ནས་མེད་པས་བློ་བཏང་སྙོམས་ཀྱི་ས་གཞི་ཁོད་སྙོམས་པར་མཛོད་ལ་དེའི་སྟེང་དུ་མར་ཤེས་སོགས་གསུམ་གྱིས་བྱམས་པའི་ཆུས་བརླན་ནས་ཕྱོགས་རིས་དང་བྲལ། སྙིང་རྗེའི་མྱུ་གུ་འཁྲུངས་དུ་ཆུག་ལ་དེ་ཉིད་ལྷག་བསམ་གྱིས་བསྐྱེད་བསྲིང་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྡོང་བོ་ཁོ་ལག་རྫོགས་པ་ལ་ཕྱིན་དྲུག་དང་བསྡུ་བཞིའི་འབྲས་བུ་ཤར་ནས་གཞན་ཕན་གྱི་རོ་མངར་ལུས་ཅན་མཐའ་དག་གི་མྱོང་དུ་རུང་བའི་ཐེག་མཆོག་དཔག་བསམ་གྱི་ལྗོན་པ་བཟང་པོ་ཞིག་བསྐྱེད་དགོས་པས་དེ་འདྲའི་ལག་ལེན་ཅི་འོང་གྱིས། ཡང་དང་ཡང་དུ་དེ་ལྟར་འོང་བའི་ཆེད་དུ་ཚོགས་བསགས་སྒྲིབ་སྦྱང་དང་སྨོན་ལམ་གྱི་མཚམས་སྦྱོར་རྣམ་པར་དག་པ་གྱིས། དེའི་སྟེང་དུ་གསང་སྔགས་ཀྱི་སྣོན་པ་འདེབས་དགོས་པའི་ཆོས་སྒོ་དབང་གིས་ཕྱེས་ཟིན་པ་ལྟར་དབང་དུས་སུ་ཁས་བླངས་པའི་དམ་སྡོམ་དག་པ་དངོས་གྲུབ་ཀྱི་རྩ་བར་ཤིན་ཏུ་གལ་ཆེ་བས་ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་སྒོ་ནས་སྡོམ་པ་གསུམ་གྱི་ལག་ལེན་ལ་སྐྱེས་བུའི་རྩལ་ཅི་ཡོད་བྱུང་ལ་འབད་པར་མཛོད། དེ་ལྟར་བྱས་ན་རྗེ་བླ་མའི་ལམ་རིམ་ཉམས་མགུར་དུ་གསུངས་པ་ལྟར་གྱི་དལ་འབྱོར་ལ་སྙིང་པོ་ལོན་པ་ཡིན་པས་ལག་ལེན་དེ་འདྲ་ཞིག་ཅེས་ཀྱང་མཛད་རྒྱུ་མ་འཆུག་མཁྱེན་མཁྱེན་ཞེས་ཐལ་མོ་སྦྱོར་བ་ལགས། དྷརྨ་སཱ་རས་བྲིས་སོ་དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།