བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་བསྒྲེང་ན་ལེགས། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-21 12:36:58     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།     ཀློག་ཐེངས།  

         འཇམ་དབྱངས་ཆོས་ཀྱི་མདུན་ས་ལས་འོང་པའི། །དཔལ་ལྡན་ལེགས་བཤད་གཏམ་གྱི་རོལ་མོ་འབུམ། །བདག་གི་རྣ་བའི་བུ་གར་སྦྱིན་མཛད་པས། །བློ་གྲོས་རྒྱ་མཚོ་དྲིན་ཅན་བླ་མའི་ཞབས། །སྤྱི་བོས་མཆོད་དེ་བློ་གསལ་ཁྱོད་ཀྱི་ངག། །མ་བཅག་ཙམ་དུ་ཚིག་བཅད་ཐོར་བུའི་སྐྱེས། །བྱིས་པ་དགའ་བའི་མེ་ཏོག་ཕྲེང་བརྒྱུས་བཞིན། །དབུལ་བར་བགྱི་ཡི་ཡིད་ཀྱི་རྒྱན་དུ་ཟུངས། །ཀྱེ་ལགས་གསུང་རབ་སྤྲིན་གྱི་ངོས་ཡངས་ནས། །དལ་བའི་རྟེན་འདི་རྙེད་པར་དཀའ་འོ་ཞེས། །ལན་ཅིག་མིན་པར་བསྒྲགས་པའི་དབྱར་སྐྱེས་རྔ། །ཁྱོད་སྙན་བུ་གར་སོན་པ་ཡོད་ལགས་ན། །རྙེད་དཀའི་རྟེན་དེ་ཁྱོད་ཀྱིས་ལེགས་རྙེད་པས། །ད་ནི་བག་མེད་གཉིད་དུ་མ་ཡུར་བར། །ཆོས་བཞིན་སྨྲ་ཞིང་སྤྱོད་པའི་བཤེས་གཉེན་དྲུང་། །སྐོམ་པའི་ཆུ་ལ་འདུན་བཞིན་སྙེགས་རེ་རན། །མི་རྟག་སྲིན་མོ་གླལ་བའི་མཆེ་བའི་རྩེར། །ཆགས་པའི་འདི་སྣང་སྦྲང་རྩིའི་རོ་མངར་བོས། །ཆོག་ཤེས་མེད་པར་བསླུ་བའི་སྐབས་ཤིག་དུ། །དབང་མེད་སྲོག་ལ་རྒོལ་བ་བྱིས་པའི་གཤིས། །དེ་སླད་ཆོས་ལ་འདུན་པ་ཁྱོད་ཉིད་ཀྱང་། །ལོ་ཟླ་རིམ་པའི་འགྱང་པའི་ཕྱི་བཤོལ་འདིས། །བསྒྲུབ་སྙམ་ཡོད་ཀྱང་འགྲུབ་དུས་མེད་འགྲོ་བས། །སྨྱོན་པ་འུར་ལངས་བྱས་ན་མི་ལེགས་སམ། །དམ་པའི་ཆོས་ནི་ཕྱི་མའི་ལམ་རྒྱགས་ཏེ། །ཕྱི་མར་ཕན་ཐབས་ཁོ་ནར་སྒྲུབ་པ་ལས། །ཆོས་སྒྲུབ་འདོད་བཞིན་ལྟོ་གོས་གང་བཟང་ལ། །གཅིག་པུ་བྱེད་པ་ཆོས་ཀྱི་ལག་ལེན་མིན། །དེ་སླད་ཚེ་འདིའི་ལྟོ་གོས་གཙོར་འདོན་ལ། །ཕྱི་མའི་དམ་ཆོས་འགྲུབ་པ་མི་འོང་བས། །ཁྱོད་ཐུགས་ཆོས་ལ་སྤྲོ་ན་ལྟོ་གོས་ལ། །གང་བྱུང་ཙམ་རེའི་ཆོག་ཤེས་མི་བྱེད་དམ། །གཉེན་གྱི་དགའ་སྡུག་སོས་གའི་གནམ་གྱི་སྤྲིན། །དཀར་ནག་འགྱུར་ལྡོག་བརྩིས་པའི་མི་ལང་གིས། །རང་སར་གློད་ན་རྒྱལ་ཁམས་གཉེན་ཡིན་ཞེས། །དམ་པའི་གསུངས་པ་ཐུགས་ལ་འབེན་ལགས་སམ། །དགྲ་ཡི་ཕན་གནོད་བྱིས་པའི་རྩེད་མོ་སྟེ། །ཅི་ཙམ་དེ་བཞིན་མཐའ་མེད་ངལ་བའི་རྒྱུ། །རང་སར་བཞག་ན་བག་ཡངས་སོས་དལ་ཞེས། །ཆོས་རྒྱུས་ཅན་རྣམས་གླེང་བ་དགོངས་ལགས་སམ། །དགྲ་གཉེན་འདོར་ལེན་འཇིག་རྟེན་སྐྱེ་བོའི་ལུགས། །འདི་ལ་དགོངས་ན་ཆོས་ལ་སྙད་མ་འདོག །དམ་པའི་ཆོས་ནི་ཚེ་འདི་བློས་བཏང་སྟེ། །དེ་ལ་དགོངས་ན་དགྲ་གཉེན་ཅི་བདེར་ཞོག །ཆོས་དང་འཇིག་རྟེན་མེ་ཆུ་སོ་སོའི་ལས། །བྱང་སེམས་ཐབས་ལ་མཁས་ན་མི་འགལ་ཡང་། །དང་པོའི་ལས་ཅན་གཉིས་ཀ་མི་འོང་ཞེས། །མཁས་གྲུབ་སྟོང་གིས་མཐུན་པའི་གཏམ་དུ་གླེང་། །དེ་ཕྱིར་ཁྱོད་ཀྱང་ན་གཞོན་བློ་གསལ་བས། །ཆོས་ལ་མོས་ན་འཇིག་རྟེན་བློས་ཐོངས་ལ། །ཆོས་བཞིན་སྤྱོད་པའི་ཡོངས་འཛིན་དམ་པའི་དྲུང་། །བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་བསྒྲེང་ན་ལེགས། །དེ་སྐད་རང་ལ་ཉམས་མྱོང་མེད་པའི་གཏམ། །རྒྱུས་མེད་ས་ཆ་བཤད་བཞིན་སྨྲས་འདི་ཡང་། །དམ་པའི་གསུང་རྒྱུན་རྣ་བར་བྱང་བ་འགའ། །གསོལ་བ་ལེགས་པའི་ཆོས་མཐུན་གཏམ་ཡིན་ཟུངས། །དང་པོར་དགེ་བ་ཚུལ་ཁྲིམས་ས་གཞི་ལ། །བར་དུ་དགེ་བ་ཐོས་བསམ་མེ་ཏོག་འཁྲུངས། །ཐ་མར་དགེ་བ་ཉམས་རྟོགས་སྦྲང་རྩིས་རོས། །ཚིམ་པ་སྐལ་བཟང་མཁས་པའི་སྤྱི་སྲོལ་ཏེ། །ཁྱེད་ཀྱང་དེ་བཞིན་ཐོག་མཐའ་བར་དགེ་བའི། །ཡ་རབས་སྤྱོད་པའི་ཕྱག་ལེན་མྱུར་འགྲུབ་ནས། །བསྟན་འཛིན་སྐྱེས་བུ་དམ་པའི་ལྷ་གྲྭལ་དུ། །བཞུགས་པའི་སྨོན་འདུན་རང་རེ་གཉིས་གས་བྱེད། །དེ་ལྟར་སྨྲ་བ་སྨྲ་ལ་དགའ་བ་ཡི། །ཉེས་དམིགས་ངན་པས་ངན་སར་སོང་བ་ཡི། །བཙུན་པའི་གཟུགས་བརྙན་གཟུགས་བརྙན་ཆོས་སྨྲ་བ། །ཆོས་མེད་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས། །བློ་གསལ་བློ་ཚུལ་བློ་དང་བསྟུན་ནས་ནི། །ཆོས་མེད་ཆོས་གཏམ་ཆོས་བཞིན་བཤད་པའི་དགེས། །དགེ་མེད་དགེ་བསྟན་དགེ་བའི་ལུགས་བཞིན་དུ། །ལེགས་ལམ་ལེགས་འཁྱོང་ལེགས་ཚོགས་མཐར་ཕྱིན་ཤོག། །སརྦ་མངྒ་ལཾ། 

  འཇིགས་རུང་ནགས་ཀྱི་ཚལ་ན་དུབ་པ་ཡི། །བདེ་མེད་རི་དྭགས་བརྒྱ་ཡིས་ངལ་གསོས་གནས། །རོ་མངར་སྦྲང་རྩིའི་རྒྱལ་མཚན་གཡོ་བ་ཡི། །དྲང་སྲོང་བསྟི་གནས་དགོན་པའི་ནེའུ་སེང་ཡིན། །རྙེད་བཀུར་ངན་སྐྱུག་ཕྱུར་བུར་སྤུངས་པའི་རྫས། །གྲོང་གི་ཉེ་འདབ་ལྷ་བརྒྱས་སྤང་པ་དེར། །ངང་བ་མཚོ་ལ་འཁོར་བའི་བརྟུལ་ཞུགས་ནི། །ཡ་རབས་སྐྱེ་བོ་རྣམས་ཀྱིས་སྨད་དེ་སོམས། །ཞེས་བྱ་བ་འདི་ནི་རྣམ་རྒྱལ་དགེ་ལྡན་གྱི་ཆོས་སྨྲ་བའི་གཟུགས་བརྙན་འཛིན་པ་ཞིག་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།