འདུས་སྡེ་རིན་པོ་ཆེའི་སྤྱན་ལམ་དུ་བསྐུལ་འདེབས་ཀྱི་ཚུལ་དུ་སྤྲིངས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-21 12:32:44     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

འོ་ལགས་སོ། །དེ་ཡང་འདིར་བཞུགས་དགེ་འདུན་པ་རྣམས་ཐུགས་དམ་གསལ་འདེབས་ཀྱི་རིམ་པ་ཅུང་ཟད་ཅིག་ཞུ་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འདི་ལ་གླ་རྔན་བྱིན་ནས་ནི། །ད་ནི་རང་གི་དོན་བྱེད་ཆུག། །ཕན་པ་མེད་པར་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱའོ། །ཞེས་གསུངས་པ་ལྟར་དཀར་གྱི་ཕུད་དང་། དམར་གྱི་དྭངས་གིས་གསོས་པའི་སྒྱུ་མའི་ལུས་འདིས་དགེ་ཕྱོགས་ཀྱི་བྱ་བ་སྒྲུབ་པའི་རྟེན་ཅིག་ཅི་ནུས་ཀྱང་བྱེད་དགོས་ཏེ། དེ་མིན་ན། ཁྱོད་ཀྱི་མི་གཙང་བཟར་མི་རུང་། །ཁྲག་ཀྱང་བཏུང་དུ་མི་རུང་ལ། །རྒྱུ་ལྟོའང་གཞིབ་པ་མི་རུང་ན། །ལུས་འདིས་ཁྱོད་ལ་ཅི་ཞིག་བྱེད། །གསུངས་པ་ལྟར་ཡིན་ནོ། །དེས་ན་ཐམས་ཅད་སྐུ་ཧ་ཅང་བགྲེས་པ་དང་།ཧ་ཅང་གཞོན་པའི་སྐྱོན་བྲལ་ཤ་དག་པར་བཞུགས་གཤིས། ཨོ་བརྒྱལ་ཅུང་ཟད་བཟོད་འགྲོ་བས་ད་རེབ་ཀྱི་སྐུ་རིམ་ཞབས་བརྟན་འདི་ལ་ཐུགས་དམ་གཅིག་དྲིལ་ཞིག་མཛད་འཚལ། དེ་ཡང་འདིར་བཞུགས་དགེ་བགྲེས་དངོས་སློབ་རྣམས་དངོས་སློབ་ཏུ་ཡོད་པས་རང་གི་འདི་ཕྱིའི་ལམ་སྟོན་གཅིག་པུ་དེ་ཉིད་ངེས་དོན་དུ་སྐྱེ་འཆི་ག་ལ་ཡོད་ཀྱང་། གདུལ་བྱའི་ངོར་སྒྱུ་མའི་མཛད་པ་རེ་འགའ་བ་འདི་ལྟ་བུའི་སྐབས་ཉིན་བྱེད་གསར་དུ་འཆར་བ་ལ། འུག་པ་ཙམ་མིན་པའི་སྲོག་ཆགས་སུ་ཡང་དགའ་བྲོད་ཀྱི་ཁ་ཤར་དུ་བལྟ་བ་བཞིན། རྣལ་འབྱོར་རང་བཅའ་དང་། བ་རྔ་རང་ལྕགས་ཡོད་འགྲོ་བས་དེ་ལུགས་གོང་འཕེལ་ཞུ་རྒྱུ་ལས་ཞུ་བྱ་གསར་བ་མེད་ལ། ཞལ་མཇལ་གསུང་ཐོས་ཆེར་མེད་པ་རྣམས་ཀྱང་། ང་ལ་ཆོས་འབྲེལ་དང་། དགའ་འདུན་མེད་པ་ཆེར་མེད་གཤིས། ང་ལ་སེམས་ཚེ། རྒྱུད་སྡེ་རིན་པོ་ཆེའི་དཀྱིལ་ཆོག་རྣམས་ལས། ཁྱོད་ ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། གསུངས་པ་ལྟར་ངའི་རྡོ་རྗེ་འཆང་། སྐྱིད་དུས་དང་།བརྒྱག་དུས་ཀྱི་ལོ་ཤས་ཙམ་མིན་པར་བྱང་ཆུབ་ཀྱི་བར་གྱི་རིགས་ཀྱི་ཅོད་པཎ་དེ་ཉིད་ཀྱི་སྐུའི་བ་སྤུའི་ཁུང་བུ་གཅིག་ཀྱང་། སྟོང་གསུམ་གསེར་གྱིས་བཀང་བ་ལས་ཀྱང་འདམ་ཆེ་བས། སྐུ་རིན་པོ་ཆེ་དེ་ཉིད་ཀྱི་རིམ་གྲོ་ཕྲན་ཙམ་བསྒྲུབ་ན་ཡང་། ང་ལ་དགའ་བའི་དངོས་པོ་ཤིན་ཏུ་ཆེ། མ་ཟད་རང་རེ་རྣམ་རྒྱལ་དགེ་ལྡན་གྱི་བླ་གྲྭའི་ཁུངས་སུ་ཡོད་པས། བསྟན་པའི་བདག་པོ་གཅིག་པུར་གྱུར་བའི་སྐྱབས་མགོན་དམ་པ་ཁོང་ཁོ་ན་ཡིན་གཤིས། སྐུ་ལ་འདས་གྲོང་སོང་ཀྱང་མཆོག་སྤྲུལ་ཡིད་བཞིན་དབང་གི་རྒྱལ་པོའི་ཅོད་པཎ་ཞིག་རྙེད་ལ་ཁད་པ་ནི། ས་སྟེང་གི་ནོར་སྣ་གཅིག་ཏུ་སྤུང་སྟེ་རྙེད་པ་ལས་ཀྱང་ཡ་མཚན་ཆེ་བས་སྐུའི་རིམ་གྲོ་ལ་སེམས་ཤིག་ཡོད་ནས་བཟུང་གཡེལ་ཐབས་ག་ལ་ཡོད། རྒྱུ་མཚན་དེ་དག་ལ་དགོངས་ཏེ་ཞབས་བརྟན་ཧུར་ཐག་བསྐྱེད་དེ།གནང་བ་ཞུ་བ་པོའི་ཡང་མི་བྱེད་ཐབས་མེད་ལྟ་བུའི་ལས་དོན་བཟློག་མེད་མ་གཏོགས་སྔ་ཕྱི་ནམ་བྱས་ཀྱང་ཆོག་པའི་རིགས་དུས་དེར་གཏད་དེ་གནང་བ་སོགས་མ་ཞུ། དེ་མཚུངས་སྦྱིན་པ་པོས་ཀྱང་བདར་ཤ་བཅད་དེ་ཁག་མི་འདུག་སྙམ་པ་མ་གཏོགས་ཏེ་ཅི་འདོད་དུ་སྦྱིན་ནས་སྦྱིན་པའི་ཕར་ཕྱིན་ཨེ་རྫོགས་མ་བལྟ། མདོར་ན་ཐམས་ཅད་ཀྱིས་རེམ་རེམ། ངས་ཉིན་རེ་བཞིན་སྔ་དྲོ་ཕྱི་དྲོ་བྱས་ནས་ཀྱང་དགེ་ལེགས་ནོར་བུ་ལ་བཟང་སྤྱོད་ཀྱི་འཚོགས་སུ་སུ་ཡོད་སུ་མེད་འདྲི་རྒྱུ་ཡིན། དྲིས་ནས་ཡི་གེར་བཀོད་དེ་གཟོད་ཁྱེད་ཚོས་ལེགས་ཉེས་གང་བྱས་འདི་རེད་ཅེས་སྟོན་རྒྱུ་ཡོད་པ་བྱེད་ངེས་པས།ད་རེབ་ཡ་ལེ་ཡོ་ལེ་བྱས་ན་ང་ལ་འདང་མ་བཏང་བ་དང་། དགོན་པ་གྲྭ་ཚང་ལ་བསམ་པ་མ་དཀར་བ་དང་། རང་ལ་དགེ་བའི་བློ་མེད་པ་ཡིན། ཆོས་ཨེ་འགྲུབ་སྙམ་ན་ཆོས་བྱ་བ་འདི་དག་ལས་ལྷག་པ་ལོགས་ན་ཡོད་ན་ཁྱེད་ཚོ་ངས་བསླུས་པ་ཡིན། ཁྱད་པར་དུ་ཁྱེད་རང་ཚོའི་ནང་ན་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་ཐོན་པ་འདྲ་ཡོད་ན་མ་གཏོགས་ང་དང་སྐལ་མཉམ་ཚོ་ལ་ད་ལྟ་ཆོས་གཟུགས་སྒོ་གསུམ་གྱི་བྱ་བ་ཅི་བྱས་ཀྱང་རང་ངོས་ནས་རྒྱལ་སྲས་ཀྱི་སྤྱོད་པར་གཏན་ནས་མི་འགྲོ་བ་ལ། ཐབས་ལ་མཁས་པའི་སྒོ་ནས།རང་རེའི་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱི་སེམས་ཅན་གྱི་དོན་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་རླབས་པོ་ཆེ་མདོ་སྡེ་འདི་ནས་བཤད་པ་ཇི་ལྟ་བ་བཞིན་དུ་མཛད་པའི་སྤྱོད་པ་དེ་དག་དང་བདག་གི་སྲིད་པའི་ཕྱི་མཐའི་བར་གྱི་སྒོ་གསུམ་གྱི་སྤྱོད་པ་གཅིག་ཏུ་འདྲེས་ནས། སེམས་ཅན་ལ་ཕན་པ་ཁོ་ན་ལྷུར་ལེན་པར་ཤོག་ཅིག། །ཅེས་པའི་དོན་སྣ་གཅིག་པོ་འདི་ཁོ་ན་རྒྱལ་བ་སྲས་བཅས་དཔང་པོར་ཞོག་ལ་སེམས་ལ་ཡང་ཡང་ཆོག་དང་། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །སོགས་ནས། བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག། །ཅེས་པའི་བར་གྱི་ཕན་ཡོན་རྣམས་འབྱུང་བར་ངས་ཁག་ཐེག། དེ་མིན་ན་ནི་དཀའ་སྟེ་ཚིག་བཏོན་པ་ཙམ་ལ་མིན་པར་དོན་ལ་བསམ་པའི་ཕན་ཡོན་དུ་སྣང་བའི་ཕྱིར་རོ། །གཞན་ཡང་རང་རེའི་སྐྱབས་མཆོག་རྡོ་རྗེ་འཆང་གི་དབུ་མཛད་པའི་རྒྱལ་བ་སྲས་བཅས་ལ་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་དང་སྨོན་ལམ་དུ་ཡང་འགྲོ་སྟེ། བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག། དེ་དག་བདག་གི་ནམ་ཡང་ཡིད་མི་དབྱུང་། །ཞེས་གསུངས་པ་ལས་ལྷག་ཅི་ཟེར། བསོད་ནམས་ ཀྱི་ཚོགས་རླབས་པོ་ཆེ་ཡང་རྫོགས་ཏེ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །ནས། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན། བསོད་ནམས་ཆེན་པོ་བསགས་ན་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ་ནི། རྒྱ་ཆེར་རོལ་བ་ལས་བཤད་པ་ལྟར་ཡིན། དཔེ་ཆ་སློབ་གཉེར་བསམ་ན་ཡང་སྨོན་ལམ་འདི་བཏབ་པས་ཚེ་འདི་དང་ཚེ་རབས་གཞན་དུ་དམ་ཆོས་འཛིན་པའི་བག་ཆགས་བརྟན་པོ་སེམས་རྒྱུད་ལ་ཐེབ་པ་ཡིན་ཏེ། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག། །གསུངས་པ་འདིས་ཐོས་པ་རླབས་པོ་ཆེའི་རིགས་ནུས་སྔར་མེད་གསར་དུ་བསྐྲུན་པས་ན་དེ་ལྟ་བུ་ལ་ཐུགས་འདང་རེ་ཡང་ཅེས་ཀྱང་བཏང་འཚལ། དགེའོ།། །།

  ཐམས་ཅད་ཀྱི་ཐུགས་ལ་ངེས་རྒྱུར། ད་ལྟ་མ་ཎིའི་སྐུ་རིམ་འདིར་ཐམས་ཅད་ཀྱི་གསུང་སྒྲོག་ཧུར་ཐག་བསྐྱེད་རྒྱུ་ཞིག་མཁྱེན་མཁྱེན། ཆེ་བགྲེས་རྣམས་ནས་གསུང་ངག་མི་གཅོད་པར་ངག་ལས་སུ་མི་རུང་། ཆུང་ཆུང་རྣམས་ནས་ལག་པ་འདུག་རྒྱུ་མེད་པར་ལུས་ལས་སུ་མི་རུང་། བར་ཤ་བ་རྣམས་ཚོང་པ་བུ་ལོན་རྡིབ་པ་ལྟར་འདང་རྒྱབ་ཏེ་སེམས་ལས་སུ་མི་རུང་བ་དེ་འདྲ་མ་མཛད། སྐུ་མཁྱེན། དལ་འབྱོར་མི་ལུས་ཐོབ་པ་ད་རེས་ལ། །དམ་པའི་ཆོས་དང་མཇལ་བ་ད་རེབ་ཙམ། །འཇིག་རྟེན་ཕྱི་མ་ཅེས་ཀྱང་ཡ་ང་བས། །འདང་ཞིག་རྒྱབ་ན་ཐུགས་འདང་དེ་ལ་རྒྱོབ། །ཕར་ཕྱིན་དྲུག་གི་མངོན་རྟོགས་ཡི་གེའི་གཟུགས། །འབྲུ་དྲུག་གདངས་ཀྱིས་ཧྲཱི་ཡིག་འཕགས་པའི་ཐུགས། །སྐུལ་བྱེད་གསང་སྔགས་ཟབ་མོ་བྱིན་ཆེ་བས། །སྨྲ་འདོད་ཁ་འདི་རིགས་སྔགས་རྒྱ་ཡིས་ཐོབ། །བཙུན་ཆུང་སྐུ་ཡི་ཤིང་ལོ་ཡངས་པའི་འདབ། །རྩེ་རྒོད་རྣམ་རྟོག་རླུང་གིས་བསྐྱོད་རྣམས་ལ། །འབྲུ་དྲུག་མ་ཎི་འདུལ་བྱེད་དབྱུག་པ་རུ། །ཤར་བའི་མཚོན་འདི་འཕགས་པའི་ཕྱག་མཚན་ཡིན། །ལས་ངན་རྫིང་བུར་ཉོན་མོངས་རླན་གཤེར་དུ། །སྡུག་བསྔལ་སྐྱེ་སྲིད་བཟུང་བའི་མི་སྲུན་འགྲོ། །ལན་ཆགས་སྙོག་པའི་སྦལ་ལྕོང་གྲངས་མང་བས། །འཕགས་པའི་གདུལ་བྱར་འགྱུར་བའི་སྨོན་ལམ་ཐོབ། །བགེགས་རིགས་ལན་ཆགས་གཙོར་གྱུར་འགྲོ་དྲུག་ཁམས། །སྲིད་ལས་སྒྲོལ་འདོད་སྙིང་རྗེ་ཆེན་པོ་ཡིས། །གཞན་དོན་སྒྲུབ་ལ་རྩེ་གཅིག་འདུན་པའི་བློས། །བྱང་ཆུབ་སེམས་ཀྱི་ངང་ནས་ཡིག་དྲུག་སྒྲོངས། །ཨོཾ་མ་ཎི་པདྨེ་ཧཱུཾ། ཧྲཱིཿཞེས་འདུས་སྡེ་རིན་པོ་ཆེའི་སྤྱན་ལམ་དུ་བསྐུལ་འདེབས་ཀྱི་ཚུལ་དུ་སྤྲིངས་པ་དགོངས་དབྱིངས་སུ་བཅངས་བར་ཞུ་ཞུ་ཞུ། ཞེས་དྷརྨ་སཱ་རཿབྲིས།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།