བླ་མ་བསོད་ནམས་བསྟན་འཛིན་གྱི་ཐུགས་བཞེད་བཞིན་བཀོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-21 12:24:32     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

           ན་མོ་གུ་རུ། རྗེ་དུས་གསུམ་གྱི་སངས་རྒྱས་བླ་མའི་གར། །དཔལ་བདེ་བ་ཆེན་པོའི་རྣམ་འབྱོར་པ། །མགོན་འཇམ་དཔལ་རོལ་བའི་བློ་གྲོས་ཞབས། །འབངས་བདག་གི་སྤྱི་བོར་མཆོད་བྱས་ཏེ། །ཁོང་ཆོས་འདོད་ཀྱི་བློ་གསལ་བཙུན་པའི་གསུང་། །ཡང་མི་ལྡོག་ཙམ་དུ་གསལ་འདེབས་ཚིག། །དོན་ཉམས་མྱོང་རང་ལ་མེད་ན་ཡང་། །བྱ་ནེ་ཙོའི་མ་ཎི་བཞིན་དུ་བརྗོད། །ཆོས་སྔ་འགྱུར་གྱི་གསང་སྔགས་རྙིང་མ་དང་། །ཕྱི་འགྱུར་གྱི་ས་བཀའ་ཇོ་དགེ་སོགས། །བོད་གངས་ཅན་འདིར་ཆོས་རྒྱུད་མང་བྱོན་ཏེ། །དེ་ཀུན་ཀྱང་མདོ་རྒྱུད་དགོངས་པའི་མཐིལ། །ལམ་ཟབ་མོའི་ལྟ་གྲུབ་རེ་ཡིན་པས། །ཡང་དག་སྣང་མོས་གུས་གྱིས་མྱང་དགོས་ཀྱང་། །ཁོང་མཁས་གྲུབ་ཀུན་གྱི་དགོངས་མཐུན་དུ། །ལས་དང་པོ་བ་ཡི་གདུལ་བྱ་ལ། །ཆེས་ཟབ་པ་ཆོས་ཀྱི་སྣ་འདྲེན་མཆོག། །ཉམས་རྟོགས་པ་མཐོན་པོའི་གཞི་འདེངས་བའི། །ཆོས་བློ་ལྡོག་རྣམ་པ་བཞི་པོ་དེ། །རྟེན་དོན་ལྡན་བྱེད་པའི་ཐབས་མཆོག་ཡིན། །དེ་ཡིན་ཚུལ་ཡང་ཡང་དཔྱད་པ་ཡིས། །བཀའ་མདོ་རྒྱུད་གསུང་རབ་ཞལ་བསྡུར་ན། །དོན་གོ་བ་སླ་སྟེ་གྲོགས་ཁྱེད་ཀྱང་། །ཆོས་དེ་ལ་ཐུགས་དམ་མཛད་ན་ལགས། །ཡང་ཐེག་ཆེན་ཆོས་ཀྱི་འཇུག་སྒོ་མཆོག། །རང་མ་ཟད་གཞན་གྱི་དོན་ཆེན་པོ། །བསྒྲུབ་སླ་བའི་ཐབས་མཆོག་བྱང་ཆུབ་སེམས། །དེའི་ཕན་ཡོན་ཆེ་བ་མཐོང་གྱུར་ཏེ། །ཁོང་སྐྱེ་འཕགས་རྒྱལ་སྲས་ཐམས་ཅད་ཀྱི། །ཆོས་འདི་ལ་གཅེས་སྤྲས་བརྒྱ་ཕྲག་གིས། །དུས་ཀུན་ཏུ་ཐུགས་དམ་མཐིལ་མཛད་ན། །གྲོགས་ཁྱེད་ཀྱང་ཐུགས་དམ་མཛད་ན་ལགས། །ལམ་ཟབ་མོའི་དངོས་གཞི་ཡང་དག་ལྟ། །དཔལ་ཀླུ་སྒྲུབ་ཞབས་ཀྱི་བཞེད་པ་བཞིན། །སྣང་པ་དང་སྟོང་པ་ཟུང་འཇུག་གི །གཞི་བདེན་གཉིས་འཇོག་ཚུལ་གལ་ཆེ་ལགས། །དོན་དེ་འདྲའི་ཉམས་མྱོང་མེད་གྱུར་ཅིང་། །ལུས་བྲོ་ནད་ཀྱིས་གདུང་བས་མནར་ན་ཡང་། །ཞལ་མི་ཟློག་ཙམ་གྱི་རྐང་ཆག་ཚིག། །གྲོགས་ཁྱེད་ཀྱི་སྙན་དུ་སྒྲོན་པ་འདི། །དོན་བདེན་ནམ་མི་བདེན་ཐུགས་དཔྱད་སྒོས། །ཡང་ཐུགས་ལ་འཐད་པ་བྱུང་གྱུར་ན། །སྙན་རྒྱབ་ཀྱི་བསེར་བུ་མི་མཛད་པར། །དོན་ཕྱག་ལེན་ཉིད་དུ་བལྟར་བར་ཞུ། །ཞེས་པ་འདི་ཡང་ངང་བ་བླ་མ་བསོད་ནམས་བསྟན་འཛིན་གྱི་ཐུགས་བཞེད་བཞིན་དྷརྨ་སཱ་རས་སྨྲས་པའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།