སེམས་ལ་ཤར་བ་ལྟར་སྐྱོ་ཚིག་ཏུ་བྲིས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-18 21:23:20     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

        དར་ཞེས་བྱ་བའི་ཡངས་པའི་ནོར་འཛིན་གཞིར། །དར་ལ་བབས་པའི་བཙུན་པའི་ཚོགས་གསར་དུ། །དར་བའི་ཆོས་སྡེ་རྣམ་རྒྱལ་དགེ་ལྡན་འདི། །དར་བར་གྱུར་ཅིག་སྙམ་དུ་སྨོན་མོད་དེ། །རང་བྱ་མི་ཤེས་ཐོས་བསམ་ཕར་བསྐྱུར་ནས། །ཕལ་ཆེར་ཟ་དགའ་ལ་ལ་ཉལ་ལ་དགའ། །ལ་ལའི་ཚོང་དང་ཁེ་སྤོག་མཛད་པ་ཡི། །སྙན་དགོན་བླ་སྤྲུལ་དེ་ཚོ་མཐོལ་ལོ་བཤགས། །ལྷག་མ་སྤྱི་ནས་གཏད་སོ་གཅིག་མེད་ཅིང་། །ཕམ་པས་ཀྱང་ནི་གོས་སམ་མ་གོས་ཞེས། །བརྟགས་ན་གཙང་ཐག་ཆོད་པ་མི་འདུག་པའི། །སྙན་དགོན་དགེ་སློང་དེ་ཚོ་མཐོལ་ལོ་བཤགས། །བསྡུས་གྲྭ་ལོ་གསུམ་ལོན་ནས་དབུགས་ཟད་དེ། །ཡར་འཚོགས་རེ་བཞིན་གཅིག་ཤོར་གཉིས་ལྷག་གིས། །དབུ་ཕར་དགའ་སྟོན་མྱོང་བ་མི་འདུག་པའི། །སྙན་དགོན་དཔེ་ཆ་པ་ཚོ་མཐོལ་ལོ་བཤགས། །གཞན་དོན་བརྫུས་མའི་གཡོ་ཡིས་ཤི་གསོན་དཀོར། །ཟོས་ཟོས་ཨ་ཐང་ཆད་ནས་མཚམས་གཟུགས་ཁོང་། །ཆགས་སྡང་རྟོག་པ་སྤེལ་བཞིན་ཆོས་འཆད་མདོག། །སྙན་དགོན་མཁན་ཟུར་བླ་རྒན་སྐྱུག་རེ་བྲོ། །རང་བྱ་བསམ་ན་རང་ལ་ཞེ་ཁྲེལ་ཞིང་། །གཞན་བྱ་བསམ་ན་གཞན་ལ་ཡི་མུག་པས། །ད་ནི་སྐྱིད་སྡུག་ཅི་འབྱུང་བླ་མ་ཞེས། གདུངས་དབྱངས་གཅིག་གིས་ཉི་མ་འཕུལ་སྙིང་འདོད། །ཅེས་པ་འདི་ཡང་བར་སྐབས་སུ་སེམས་ལ་ཤར་བ་ལྟར་སྐྱོ་ཚིག་ཏུ་བྲིས་སོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།