དཀོན་ལོ་ལ་གང་དྲན་ཤ་ཚའི་བསླབ་སྟོན་དུ་བགྱིས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-15 22:00:44     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

       རྗེ་བཙུན་བླ་མ་སངས་རྒྱས་དངོས་དེའི་ཞབས་ལ། །གུས་པ་ཆེན་པོས་ཕྱག་ནི་སྔོན་དུ་བཏང་སྟེ། །ལུགས་གཉིས་ཅི་ཡང་མི་ཤེས་བླུན་པོ་ང་འདྲས། །གདམས་རྒྱུ་མེད་ཀྱང་བསམ་བཟང་གཏམ་འགའ་སྨྲ་ན། །མི་ལུས་ཐོབ་པས་མི་ཆོག་མི་བྱ་འགྲུབ་དགོས། །མི་བྱ་འདི་ཕྱིའི་དོན་ནི་གཉིས་ཤིག་ཡོད་དེ། །འདི་བས་ཕྱི་མ་གཙོ་བོ་ཡིན་པར་འདུག་པས། །ཕྱི་མའི་དོན་ཆེན་མ་ནོར་ཡིད་ལ་ཟུངས་དང་། །ཕྱི་མ་དཀོན་མཆོག་འདྲ་བའི་སྐྱབས་གནས་དཀའ་བས། །ད་ལྟ་གསོལ་བ་ཅི་བཏབ་རང་ལག་ཡིན་ཐོག། །འཇུག་སྒོ་མ་ནོར་སྐྱབས་འགྲོའི་ཉམས་ལེན་སྟེང་ནས། །འདི་ཕྱིའི་དོན་ཆེན་བསྒྲུབ་ན་ངོ་མཚར་ཆེ་འདུག། །སྐྱབས་སུ་སོང་ནས་སྟོན་པ་སངས་རྒྱས་དེ་ཡིས། །ཐར་བའི་ལམ་ཞིག་རང་རེར་བསྟན་ནི་ཡོད་དེ། །དམ་ཆོས་སྣུམ་ཟན་ཡི་གར་འོང་བ་འགོག་པའི། །རྣམ་གཡེང་མཁྲིས་པའི་ནད་འདིས་ཟ་དབང་མི་སྟེར། །ཀྱེ་མ་ཀྱེ་ཧུད་ད་ནི་ཅི་ཞིག་བྱར་ཡོད། །སྡུག་བསྔལ་འཁོར་བའི་ནགས་སུ་ཡང་ནས་ཡང་དུ། །མི་འདོད་ལྟོག་གྲིར་འཆི་ལ་བཟོད་སྲན་བཙུག་ནས། །སྡུག་བསྔལ་སྤོས་རྒྱའི་རི་མོ་མཐའ་དེད་བྱེད་དམ། །མིན་ན་དམ་ཆོས་སྡུག་བསྔལ་འཇོམས་པའི་སྨན་མཆོག། །འདི་ཉིད་བཟའ་ལ་ཡི་ག་ཨེ་ཕྱེ་བལྟ་དགོས། །གང་བྱེད་གཞོན་ནུའི་རྣམ་རིག་ཤེལ་དཀར་ལྟར་དུ། །བཀྲ་བའི་མེ་ལོང་ངོགས་ལ་གང་ལེགས་ལྟོས་ཤིག། །རྒན་པོ་དྷརྨ་སཱ་རས་སོ། །གཡང་སྐྱབས་ལ་སྤྲོད་གསུང་།

         བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེའི། །ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་བྱས་ཏེ། །སྙིང་བརྩེའི་མཁན་བུ་ཁྱོད་ལ་ཤ་ཚའི་བློས། །གྲོས་འདེབས་ཚིག་གསུམ་སྨྲ་ན་སེམས་ལ་ཆོངས། །མི་ལུས་རིན་ཆེན་རྙེད་ནས་ཆོས་སྒོར་ཞུགས། །ཆོས་ཀྱི་དོན་སྟོན་བླ་མ་རྣམས་དང་མཇལ། །ཆོས་ཐོབ་ཆོས་ཀྱི་ཚིག་དོན་འགའ་ཤེས་སྐབས། །ཆོས་འདི་གལ་ཆུང་བྱེད་ན་བདུད་ཀྱིས་བསླུས། །འཁོར་བ་ངན་འགྲོའི་གཡང་སར་འཕེན་པ་ཡི། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གོས་བཟང་ནི། །གྱོན་ནས་ངོ་ཚ་ཁྲེལ་ཡོད་སྐ་རགས་ཀྱིས། །མི་དཀྲི་གཅེར་བུར་ཐོན་ན་བདུད་ཀྱིས་བསླུས། །འཁྲུལ་མེད་ཤེས་བྱའི་གནས་ཚུལ་ཡང་དག་དོན། །བལྟ་བྱེད་ལེགས་བཤད་ཤེལ་མིག་འདི་བཞག་ནས། །མ་རིག་གོས་ཀྱིས་བཏབ་ཏེ་ངན་སོང་དུ། །ལྕེབ་ལ་ཅི་མི་སྙམ་ན་བདུད་ཀྱིས་བསླུས། །དལ་འབྱོར་ནོར་བུ་འདི་ཕྱིའི་དོན་ཆེན་པོ། །ཅི་འདོད་བདེ་བླག་འགྲུབ་པའི་རྟེན་བཟང་འདི། །ཅི་འགྲུབ་འདི་འགྲུབ་མེད་པའི་ཡལ་ཡོལ་ངང་། །མི་ཚེ་སྟོང་ཟད་བྱེད་ན་བདུད་ཀྱིས་བསླུས། །མི་ལུས་འདྲེ་ཡིས་འཁྲིད་རྒྱུ་རྒྱ་ལམ་དེ། །མི་སེམས་བདུད་ཀྱིས་བསླུས་པ་དེང་སང་མང་། །ཀྱེ་མ་དོན་མེད་དོན་ལོག་མ་བྱེད་པར། །གཅིག་ཏུ་དགེ་བའི་བཤེས་ལ་བློ་རྩེ་གཏོད། །གཅིག་ཏུ་དམ་པའི་ཆོས་ཤིག་ཨེ་འགྲུབ་བསམ། །གཅིག་ཏུ་རྒྱལ་བའི་གསུང་ལ་ཐོས་བསམ་རེམ། །༼གཅིག་ཏུ་ཞེས་པ་རྣམས་བློ་སྣ་མང་པོའི་བྱ་བ་ཉིས་མགོ་མ་མ་བྱེད་པར་སེམས་ཐག་གཅིག་ཏུ་ཆོད་ལ་ལས་སུ་བྱ་བ་གཅིག་ལ་ཤི་རེམ་དགོས་པའི་དོན་ཡིན་མཆན་ནོ། །༽གཅིག་ཏུ་ཐོས་དོན་ལག་ཏུ་ཨེ་ལོན་ལྟོས། །དེ་ལྟར་བྱས་ན་དོན་ཆེན་འགྲུབ་ནས་འོང་། །རང་ལ་ཡོན་ཏན་ཅི་ཡང་མེད་ན་ཡང་། །མཚན་ལྡན་བླ་མའི་གསུང་རྒྱུན་དམ་དུམ་ཞིག། །ཁྱེད་ལ་ཅུང་ཟད་ཕན་པའི་རེ་བ་ཡིས། །རྣ་དྲུང་བསྐྱལ་གྱིས་རྣ་རྒྱབ་རླུང་མ་མཛད། །ཞལ་གདམས་གཞན་ལ་འཆད་པ་ང་མིན་ཀྱང་། །ཞལ་གསུང་འདི་འདྲ་གཞན་ལ་བསྟན་པའི་དགེས། །ཞལ་ཕྱག་རྭ་རྨིག་སྡེར་མོ་ཅན་སོགས་ཀྱི། །ཞལ་རས་མི་སྡུག་ལས་ངན་སྤང་པར་ཤོག། །ཨ་བུ་གཅེས་ཕྲུག་གཅེས་པ་ལོ་ལོ་པོ། །ཤ་ཚ་སྙིང་གི་བདེན་གཏམ་ཟངས་མ་འདི། །སྙིང་ནས་མི་བརྗེད་སྙིང་གི་ཞེ་དམ་དེ། །རྡོ་ལ་རི་མོ་ལྟར་དུ་མཛད་རོགས་ཀྱིས། །ཞེས་དྷརྨ་སཱ་རས་དཀོན་ལོ་ལ་གང་དྲན་ཤ་ཚའི་བསླབ་སྟོན་དུ་བགྱིས་པའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།