སྐལ་བཟང་གྲོགས་ཀྱི་ཐུགས་དམ་གསལ་འདེབས་སུ་སྨྲས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-15 21:49:31     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

       ན་མོ་གུ་རུ། མཚུངས་མེད་དྲིན་ཆེན་ཆོས་ཀྱི་རྒྱལ་པོ། །རྗེ་བཙུན་འཇམ་དཔལ་རོལ་བའི་བློ་གྲོས། །ཚེ་རབས་ཀུན་ཏུ་སྙིང་གི་ཟེའུ་འབྲུར། །འབྲལ་བ་མེད་པར་བཞུགས་པར་མཛོད་ཅིག། །ལས་སྨོན་བཟང་པོས་མི་ལུས་གཙང་མ། །ལེགས་པར་རྙེད་པའི་སྐལ་བཟང་གྲོགས་ལ། །ཐུགས་བློ་ཆོས་ལ་དབང་མེད་འགྱུར་བའི། །གདམས་ངག་མཁན་པོ་ང་རང་མིན་ཀྱང་། །མཚན་ལྡན་བླ་མའི་ཞལ་གྱི་གསུང་སྒྲོས། །འདི་ཕྱིར་དགེ་བའི་གཏམ་གྱི་བདུད་རྩི། །བཞེས་པར་སྤྲོ་ན་འདི་འདྲ་ལགས་ཞེས། །གསང་དོན་མི་འདུག་ཁྱེད་ལ་ཞུའོ། །ཆོས་ཀྱི་ལན་ཚྭ་མྱང་ལ་བྲེལ་བའི། །ཆོས་འདོད་ཡིན་ལོ་དེང་སང་མང་ཡང་། །ཆོས་བཞིན་བཤད་པའི་གཏམ་སྣ་མང་ན། །ཆོས་ཀྱི་རོ་ལ་ཁ་སྣང་འཆར་རོ། །ཆོས་འདི་དགོས་དོན་ཅི་ཞིག་ལགས་ཞེས། །ལེགས་པར་བརྟགས་ན་འདི་ཕྱི་ཀུན་ཏུ། །ཆོས་ཀྱིས་ཕན་ཕན་གཞན་གྱིས་དཀའ་བས། །ཆོས་རྒྱུས་ཡོད་ན་འཇུག་འདོད་སྐྱེ་ཡང་། །ན་ཚོད་གཞོན་པས་བསམ་པའི་ཁྱེར་སོ། །སྙན་སྙན་མཛེས་མཛེས་མི་ཡི་མཛའ་ཆོས། །དེ་འདྲར་འགྲོ་ཕྱིར་དེ་འདྲའི་ཆོས་ཀྱིས། །འཇིག་རྟེན་ཕྱི་མའི་ལམ་རྒྱག་མི་ཕེར། །ཆོས་བཞིན་བཤད་ན་དགོས་རྒྱུ་མང་བས། །ཆོས་ལ་འཚེར་སྣང་སྐྱེ་བར་འདུག་ཕྱིན། །ཆོས་སྤོང་ལས་ངན་ངམ་ངམ་གསོགས་ཚེ། །ཆོས་ཀྱི་གཏམ་ལ་ཉེན་ཀྱང་ཡོད་དོ། །ཆོས་ལ་སྤྲོ་ཡང་ཆོས་རྒྱུས་མེད་ལ། །མུན་ཁུང་སྒྲོན་མེ་བཏེགས་པའི་དཔེ་ལྟར། །ཆོས་ཀྱི་རང་བཞིན་ས་ལེར་མཐོང་ནས། །ཆོས་ཀྱི་གཏམ་ལ་ཁེ་ཡང་ཆེའོ། །ཁ་ཞེ་མེད་པར་ཆོས་ཤིག་བསམ་ན། །ཆོས་འདིས་འདི་ཕྱིའི་དོན་ཆེན་འགྲུབ་པས། །དཀའ་ཡང་ལག་ལེན་འདེབས་པར་རིགས་ཀྱིས། ཞོར་ལ་འགྲུབ་པའི་སླ་ཆོས་མི་འདུག། །ཚེ་འདིའི་ལྟོ་རྒྱབ་སྒྲུབ་པའི་རྩོལ་བ། །ཤ་ཁྲག་ཟད་ཟད་འདི་ཙམ་དགོས་ན། །ཚེ་རབས་ཀུན་ཏུ་དགེ་བའི་དོན་ཆེན། །དམ་པའི་ཆོས་ལ་ཇི་ལྟར་མི་འབད། །ཆོས་ཀྱི་འཇུག་སྒོ་དང་པོར་གཅེས་པ། །མཚན་ལྡན་བླ་མ་བསྟེན་པ་ལགས་ན། །ཇི་གསུང་བཀའ་བཞིན་བསྒྲུབ་པའི་སྒོ་ནས། །རྟེན་འབྲེལ་དང་པོར་མགོ་ནས་བསྒྲིགས་དགོས། །དབང་ཁྲིད་ལུང་གི་ཆོས་ཀྱི་ཆར་བ། །མང་དུ་ཕབས་པའི་སློབ་དཔོན་ལགས་ཀྱང་། །སྐྱོན་གྱི་གོང་བུར་མཐོང་བཞིན་འགྲོགས་པ། །དམྱལ་བ་སྒྲུབ་པའི་ཚོགས་ངན་ལགས་སོ། །དམ་པའི་ཆོས་ལ་བར་དུ་གཅེས་པ། །མངོན་མཐོའི་ཐེམ་སྐས་ཐར་བའི་འཇུག་ངོགས། །ཁས་བླང་ཚུལ་ཁྲིམས་དག་པ་ཡིན་ན། །དམ་སྡོམ་བསྲུང་བ་གནད་བརྒྱའི་མདོ་འགག། །དང་པོར་མ་བརྟགས་འཕྱོར་འདོད་བསམ་པས། །སྡོམ་གསུམ་ཁས་བླང་མང་དུ་བྱས་ཏེ། །ལག་ལེན་དུས་ན་གཅིག་ཤོར་གཉིས་ཤོར། །ཐ་མ་ལག་སྟོང་འགྲོ་བ་མང་ངོ་། །མཐར་ཐུག་ཆོས་ཀྱི་དངོས་གཞི་རྣལ་མ། །རྒྱལ་བའི་གསུང་རབ་རིན་ཆེན་མཛོད་ལ། །འཇུག་པའི་ལྡེའུ་མིག་རྒྱ་བོད་གཞུང་བཟང་། །ཐོས་བསམ་སྒོམ་པས་ཉམས་ལེན་གལ་ཆེ། །ཐོས་བསམ་སྒོམ་པ་གང་ཡང་མེད་པར། །རྒྱལ་བསྟན་འཛིན་པའི་ཤོམ་ར་ཆེ་ཡང་། །བླུན་པོ་མགུ་བའི་ཐབས་ཙམ་མ་གཏོགས། །བསྟན་པའི་བྱ་བ་ངོ་མ་དཀའོ། །དེ་སླད་རྒྱལ་བའི་བསྟན་ལ་ཞུགས་ནས། །དམ་ཆོས་ལག་ལེན་ཨེ་ཐེབ་དགོངས་ན། །ཐོག་མཐའ་བར་གྱི་སྤྱོད་ཚུལ་དེ་དག། །ཐུགས་ཀྱི་ཟེའུ་འབྲུར་བཅིང་བར་ཞུའོ། །དེ་ལྟར་བཤད་ལ་དགེ་ཚོགས་སྲིད་ན། །ཁྱེད་བློ་ཆོས་ལ་འགྱུར་བའི་ཐབས་སུ། །ལེགས་པར་གྱུར་ཏེ་ཆོས་སྤྱོད་བྱ་བ། །མཐར་ཕྱིན་དོན་གཉིས་འགྲུབ་པར་སྨོན་ནོ། །ཞེས་པ་འདི་ཡང་དྷརྨ་སཱ་ར་ཞེས་བྱ་བས། སྐལ་བཟང་གྲོགས་ཀྱི་ཐུགས་དམ་གསལ་འདེབས་སུ་སྨྲས་པ་དེ་དེ་བཞིན་དུ་གྲུབ་པར་གྱུར་ཅིག། །

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།