མཁས་པའི་གསུང་རྒྱུན་ཡིན་པས་ཐུགས་ལ་བཟུང་ན། །འདི་ཕྱིར་ཕན་པའི་བསླབ་བྱ་དངོས་གཙང་ཡིན་འགྲོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 20:56:43     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

           ན་མོ་གུ་རུ། འཇམ་དཔལ་སྤྱན་རས་གཟིགས་དང་གསང་འཛིན་བདག་པོའ།ི །རྣམ་རོལ་གྲུབ་པའི་དབང་ཕྱུག་བཀའ་དྲིན་མཚུངས་མེད། །ཡབ་རྗེ་བློ་གྲོས་མཚན་ཅན་བྱང་ཆུབ་བར་ཡང་། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས་པར་སྨོན་ཏེ། །བློ་གསལ་སྐལ་བ་བཟང་པོའི་བཙུན་ཆུང་ཁྱོད་ལ། །ལྷག་བསམ་དྲང་པོས་བསླབ་སྟོན་ཚིག་གསུམ་གསོལ་གྱིས། །སྙན་རྒྱབ་བསེར་བུ་མ་མཛད་ཐུགས་ལ་ཟུངས་དང་། །གཞོན་པས་རྒན་ལ་ཉན་པ་ཡ་རབས་སྲོལ་ལགས། །དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ་ཞེས། །གསར་རྙིང་མཁས་གྲུབ་སྟོང་གིས་ཡང་ཡང་གསུངས་ཏེ། །དབྱར་དུས་སྲིན་བུ་ཁོ་ནའི་གྲངས་ལ་དཔག་ན། །མི་ལུས་མང་པོ་མ་རེད་ཐུགས་ལ་ཆོངས་དང་། །འདུས་བྱས་སྐད་ཅིག་འགྱུ་བའི་གློག་དང་འདྲ་ཞེས། །རྒྱལ་བ་བདེན་པར་གསུངས་པས་ཡང་ཡང་བསྒྲགས་ཏེ། །ལོ་རེ་བཞིན་ཡང་འགྲོ་བའི་སྐྱེ་འཆིར་བལྟས་ན། །རང་རེ་ཡུན་རིང་མི་སྡོད་ངེས་ཅན་རེད་འདུག། །ཤི་ནས་མེད་དུ་མི་འགྲོ་སྐྱེ་བ་ལེན་དགོས། །སྐྱེ་ས་བདེ་འགྲོ་ངན་འགྲོ་གཉིས་ལས་མེད་དེ། །བདེ་འགྲོར་དཀར་པོའི་ལས་ཀྱིས་འཕེན་རྒྱུ་ཡིན་ན། །རྣམ་དཀར་ལས་ཀྱི་ཚོང་ཟོང་ཅི་ཡོད་གཟིགས་དང་། །དགེ་སེམས་གློག་གི་སྣང་བ་ལན་རེ་ཙམ་ལས། །སྡིག་སེམས་མུན་པས་ཁེབས་པས་རང་རྒྱུད་མཚན་མོར། །མི་དགེའི་བྱེད་པ་ཤིན་ཏུ་སྟོབས་ཆེན་ཡིན་ཞེས། །རྒྱལ་སྲས་ཆེན་པོས་གསུངས་པའི་དེ་ལྟ་ལགས་ན། །ཤི་བའི་འོག་ཏུ་ངན་སོང་གསུམ་པོ་ལས་གཞན། །བདེ་སྐྱིད་གནས་སུ་མི་འགྲོ་ངེས་ཅན་ལགས་ན། །དཀོན་མཆོག་སྐྱབས་ཀྱི་ནོར་བུའི་ཅོད་པཎ་ཐོགས་ཏེ། །བསླུ་མེད་ལས་འབྲས་ལམ་ལ་ཞུགས་པར་མཛོད་ དང་། །བློ་ལྡོག་རྣམ་བཞིའི་ཆོས་ཀྱི་ཐེམ་སྐས་འདི་གོ །མཁས་པ་བརྒྱ་ཡིས་བཤད་ཀྱང་བཤད་པའི་ཉིང་ཁུ། །གྲུབ་ཐོབ་སྟོང་གིས་བསྒོམ་ཀྱང་བསྒོམ་པའི་བོགས་འབྱིན། །སྔོན་འགྲོའི་ཆོས་འདི་གལ་ཆུང་བྱེད་རྒྱུ་མིན་འདུག། །མཚན་ལྡན་བླ་མ་དམ་པའི་ཞབས་པད་བསྟེན་ཏེ། །མདོ་སྔགས་ཆོས་ལ་ཉན་བཤད་སྒོམ་སྒྲུབ་བྱེད་པ། །གསར་རྙིང་མཁས་གྲུབ་ཡོངས་ཀྱིས་ཕྱག་བཞེས་ལགས་ན། །བཙུན་ཆུང་ཁྱེད་ཀྱང་དེ་བཞིན་མཛད་ན་ལེགས་སོ། །དང་པོ་བླ་མ་བསྟེན་པ་ལོ་ཤས་མཉམ་གྲོགས། །བར་དུ་གདམས་ངག་ཞུས་པ་རིག་གནས་སློབ་ལུགས། །ཐ་མར་ཉམས་ལེན་འཇིག་རྟེན་ཁ་ཐབས་སྐྱོང་རྒྱུ། །དེ་འདྲའི་ཆོས་ཀྱིས་ཕྱི་མའི་ལམ་རྒྱག་མི་ཕེར། །བླ་མ་བསྟེན་ན་སྙིང་ཁོང་རུས་པའི་གཏིང་ནས། །མོས་གུས་ཆུ་བོའི་རྒྱུན་བཞིན་ཐང་ལྷོད་མེད་པས། །གང་བྱེད་རང་དབང་དོར་ནས་ཕ་མཛངས་བུ་བཞིན། །སྣ་ཐག་བླ་མའི་ཕྱག་ཏུ་འཇོག་རྒྱུ་ཡིན་འདུག །གདམས་ངག་ཞུས་ན་ཤོག་གྲངས་རེ་གཉིས་ཙམ་ཞིག། །མན་ངག་གཅིག་ཆོག་ཡིན་ལོའི་ཨུ་ཚུགས་མིན་པར། །སྒྲུབ་བརྒྱུད་ལག་ལེན་མི་འཆུག་མདོ་སྔགས་ཆོས་ཀྱིས། །འཁྲུལ་བློའི་རང་མཚང་རྟོལ་རྟོལ་གདར་ཤ་གཅོད་དགོས། །སྒྲུབ་པ་ཉམས་ལེན་མཛད་ན་ཐུགས་ཀྱི་གཏད་སོ། །ཚེ་འདིའི་ཆེ་ཐབས་ཙམ་མིན་ཕྱི་མར་དགོངས་ཏེ། །འཁོར་བའི་སྡུག་བསྔལ་མཐོང་བའི་སྐྱོ་ཤས་ངང་ནས། །བསླབ་པ་གསུམ་གྱི་ཕྱག་བཞེས་གཙང་མ་དགོས་འདུག། །ཀྱེ་ཀྱེ་ཆོས་ཀྱི་དངོས་གཞི་ཡོད་ན་གཅིག་ཆོག། །ཐེག་ཆེན་འཕགས་པ་ཡོངས་ཀྱི་ཐུགས་དམ་སྤྱི་ནོར། །རིན་ཆེན་བྱང་ཆུབ་སེམས་འདི་ཡིན་ཡིན་ཡིན་ཏེ། །དེ་ལ་ངེས་ཤེས་འདྲོངས་པ་མཁས་པའི་ཕྱག་བཞེས། །ལོ་ཤས་གཞུང་ལུགས་སྦྱང་ཀྱང་མཐར་ཞིག་ཉམས་ལེན། །རིན་ཆེན་སེམས་འདིའི་ཕྱོགས་དང་ཡུལ་ན་མེད་པའི། །ཟབ་ཟབ་མན་ངག་ཡིན་ལོའི་ཁ་ཕོས་ཚིམས་ཏེ། །ཐུན་མོངས་སེམས་གནས་ཙམ་རེར་མགོ་བོ་མ་འཁོར། །འཁོར་རྩ་གཅོད་ལ་ཡང་དག་ལྟ་བ་དགོས་ཀྱང་། །རྩ་འཇུག་བཞི་གསུམ་ལྟ་བུའི་ངེས་དོན་གཞུང་བཟང་། །ཡང་ཡང་ཐོས་དང་བསམ་པའི་ངེས་ཤེས་མེད་པའི། །སྟོང་བ་ཁ་རྒྱུག་ཙམ་གྱི་ལྟ་བས་ཅི་བྱེད། །དེས་ན་སྙིང་ནས་དམ་ཆོས་ཐུགས་ལ་དགོངས་ན། །དེ་སྐད་གསོལ་འདི་རང་གི་ཉམས་མྱོང་མིན་ཡང་། །མཁས་པའི་གསུང་རྒྱུན་ཡིན་པས་ཐུགས་ལ་བཟུང་ན། །འདི་ཕྱིར་ཕན་པའི་བསླབ་བྱ་དངོས་གཙང་ཡིན་འགྲོ། །དགེ་བ་འདི་ཡིས་སངས་རྒྱས་བསྟན་ལ་དགྱེས་པའི། །བཙུན་ཆུང་བློ་རིག་གསལ་བ་དེ་ཡི་སྙན་དུ། །མདོ་སྔགས་ཆོས་ཀྱི་རྒྱ་མཚོའི་འགྲམ་དུ་ཡོད་བཞིན། །ཉོན་མོངས་སྐོམ་པས་གདུང་པའི་བན་རྒན་དེས་བསྒྲགས།། 

ཡོན་ཏན་རྒྱལ་བ་ཀུན་དང་རོ་གཅིག་ཀྱང་། །བཀའ་དྲིན་རྒྱལ་བ་ཀུན་ལས་ལྷག་པ་ཡི། །དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་བྱས་ཏེ། །ནེ་ཙོའི་མ་ཎི་ལྟ་བུའི་གཏམ་འདི་ཞུ། །སྔོན་བསགས་བསོད་ནམས་གྲུ་བོ་ཆེས་དྲངས་པའི། །དལ་བརྒྱད་འབྱོར་བཅུ་ནོར་བུའི་སྐྱེས་བཟང་པོ། །འཁོར་བའི་རྒྱ་མཚོ་འདི་ནས་རྙེད་པའི་ཚེ། །ནོར་ལ་ནོར་ངོ་ཤེས་སམ་སྤྲུལ་བའི་སྐུ། །དལ་རྟེན་ཡིད་བཞིན་ནོར་བུ་ལོན་ན་ཡང་། །འཆི་བ་ཀླུ་བདུད་གདུག་པའི་ར་མདའ་ཡིས། །ལུས་དང་གྲིབ་མ་ལྟ་བུར་རྗེས་འབྲང་ནས། །གློ་བུར་འཕྲོག་འདི་ཤེས་སམ་སྤྲུལ་བའི་སྐུ། །ཕྱི་མའི་ལམ་ཆེན་བགྲོད་ཚེ་ངན་འགྲོའི་འཕྲང་། །སྒྲོལ་བའི་འཇིགས་པའི་སྐྱེལ་མ་སྐྱབས་གནས་གསུམ། །གསོལ་འདེབས་ཐུགས་རྗེ་བསྐུལ་བའི་སྐྱབས་སྦྱིན་རྒྱས། །རང་སེམས་ཚིམ་ངེས་ཡོད་དམ་སྤྲུལ་བའི་སྐུ། །ནམ་ཡང་མི་བསླུ་དཀར་ནག་ལས་འབྲས་ལམ། །དྲང་པོའི་ཐིག་འདིས་མཐོ་དམན་སུ་ལ་ཡང་། །བདེ་སྡུག་རི་མོ་སྣ་ཚོགས་འདྲི་སོང་ན། །བླང་དོར་འཆུག་གམ་མ་འཆུག་སྤྲུལ་བའི་སྐུ། །ཚུལ་ཁྲིམས་གཙང་མའི་སྐྱེད་ཚལ་ཉམས་དགའ་བར། །དཔྱད་འཇོག་ཏིང་འཛིན་འདབ་སྟོང་རྣམ་བཀྲའི་ངོས། །ཤེས་རབ་སྦྲང་རྩི་སྟོང་པའི་རོ་མངར་པོ། །མྱོང་བཞེད་ཐར་འདོད་ཡོད་དམ་སྤྲུལ་བའི་སྐུ། །མཁའ་ཁྱབ་ཞིང་ན་བདེ་མེད་སྡུག་བསྔལ་བརྒྱས། །གཙེས་པའི་ཉམ་ཐག་འགྲོ་བ་སྙིང་རྗེའི་གནས། །འདི་ཀུན་དོན་མེད་འབྲེལ་མེད་མ་ཡིན་པར། །དྲིན་ཆེན་ཕ་མར་མཐོང་ངམ་སྤྲུལ་བའི་སྐུ། །བྱང་ཆུབ་སེམས་ཞེས་གྲགས་པའི་ལམ་གཅིག་གིས། །རྒྱལ་དང་རྒྱལ་སྲས་ཤེས་བྱར་བཞུགས་སོ་ཅོག། །དོན་གཉིས་ལྷུན་གྲུབ་ཁྲི་ལ་མངའ་གསོལ་ན། །རིན་ཆེན་སེམས་ལ་དགྱེས་སམ་སྤྲུལ་བའི་སྐུ། །ཕྱིན་དྲུག་བསྡུ་བཞིའི་སྤྱོད་པའི་ཁྲུས་ཀྱི་རྫིང་། །རྒྱལ་སྲས་ལྷ་བརྒྱ་རོལ་བའི་འཇུག་ངོགས་དེར། །བདག་འཛིན་དྲི་མ་འཁྲུད་ཅིང་ཉམས་རྟོགས་ལུས། །གསོ་སླད་རྩེ་འདོད་ཡོད་དམ་སྤྲུལ་བའི་སྐུ། །སྣང་གྲགས་ཤེས་བྱའི་རི་མོ་ཇི་སྙེད་པ། །རྟོག་པའི་པིར་གྱིས་བྲིས་ཙམ་ཁོ་ན་ལས། །གཟོད་ནས་ཡུལ་གྱི་རྩིག་ངོས་ལ་མེད་པའི། །བདེན་གཉིས་ཚུལ་འདི་མཁྱེན་ནམ་སྤྲུལ་བའི་སྐུ། །རྒྱུ་ལ་འོག་མིན་སྟོན་འཁོར་ཕུན་ཚོགས་པ། །ངོ་སྤྲོད་གསང་ཆེན་ཐེག་པའི་རིམ་གཉིས་ལ། །དམ་སྡོམ་གཙང་མའི་སྐ་རགས་ཀྱིས་བཅིངས་ཏེ། །མྱུར་ལམ་སྙོགས་འདོད་ཡོད་དམ་སྤྲུལ་བའི་སྐུ། །བསྟན་འགྲོར་དགོངས་ཏེ་ཕེབས་པའི་སྐུ་སྐྱེས་དེས། །བསྟན་དང་འགྲོ་བའི་དོན་ལ་ཕྱག་རྗེས་ཤིག། །འཇོག་དགོས་གསུངས་བཞིན་འཇོག་འདོད་གཡམ་རྒྱུག་ཙམ། །མིན་པ་ངེས་པར་ཡོད་དགོས་སྤྲུལ་བའི་སྐུ། །མདོར་ན་སྡེ་སྣོད་མཁྱེན་པའི་མང་ཐོས་སྤྱན། །མི་ཤེས་ལིང་ཏོག་འཐུམ་པོས་མ་བསྒྲིབ་པར། །ཚུལ་ཁྲིམས་ཐར་བར་བགྲོད་པའི་རྐང་བའི་འགྲོས། །མ་འཚལ་ཟུང་འབྲེལ་མཛོད་དང་སྤྲུལ་བའི་སྐུ། །ཞེས་སྤྲུལ་བའི་སྐུ་མཆོག་གང་གི་གསུང་ངོ་མི་ལྡོག་ཙམ་དུ་ཐུགས་དམ་གསལ་འདེབས་སུ་དྷརྨ་སཱ་རས་འཕྲལ་དུ་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ། དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།