རེ་ཞིག་མི་ཆོས་གཙང་མ་ཡ་རབས་བརྒྱའི། །ཕྱག་ལེན་དེ་ལ་ཤི་འཇུས་རོ་འཐམས་འཚལ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 20:49:57     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

      འཇམ་དབྱངས་ཐུགས་རྗེས་སྤྲུལ་བའི་འོད་ཟེར་ཆ། །ངུར་སྨྲིག་འཛིན་པའི་དཔལ་དུ་རོལ་བའི་མགོན། །བློ་གྲོས་མཚུངས་མེད་ཤེས་བྱ་ཀུན་གཟིགས་པའི། །དྲིན་ཆེན་བླ་མས་བདག་དང་ལྟོས་བཅས་སྐྱོངས། །ལྔ་རིགས་གཞུང་ལ་བློ་གྲོས་མི་རྒྱས་ཀྱང་། །དམ་སྡོམ་མེ་ཏོག་སད་དུ་མི་སྟེར་བར། །ཡ་རབས་སྐྱེ་བོའི་ལྷ་གྲྭལ་འཛིན་སྙམ་པའི། །རྣམ་རྟོག་རྡོ་ཡི་རི་མོ་ཡོད་སྲིད་ན། །ལྷ་ཆོས་དམ་པའི་ལུགས་སྲོལ་མཁས་པའི་གཞུང་། །ཐོས་བསམ་སྒོམ་པར་བྱེད་ན་ཤེས་འགྱུར་ལ། །རེ་ཞིག་མི་ཆོས་གཙང་མ་ཡ་རབས་བརྒྱའི། །ཕྱག་ལེན་དེ་ལ་ཤི་འཇུས་རོ་འཐམས་འཚལ། །མི་ཆོས་དེ་ཡང་གཡོ་སྒྱུའི་བསླུ་བྲིད་ཀྱིས། །གཞན་མགོ་བསྐོར་བར་མཁས་ལ་ཟེར་བ་མིན། །གཞུང་བཟང་ཕྱི་ཐག་རིང་བ་འདི་གཉིས་པོ། །ལུགས་བརྒྱའི་རྣམ་དབྱེ་སྡུད་པའི་མདོ་རྩ་ཡིན། །གང་ཞིག་བཟང་བའི་གཞུང་ནི་སེམས་ཀྱི་རྒྱུད། །ཇི་ལྟར་བཟང་བ་དྲང་པོའི་ལམ་སྲོང་བ། །དྲང་པོ་གང་ཡིན་གཡོ་སྒྱུ་མེད་པ་སྟེ། །འདི་ནི་མི་ལུགས་དངོས་དེ་ཆོས་ ཀྱང་ཡིན། །དྲན་ཚད་ཁ་རུ་འདོན་དེ་དྲང་པོ་མིན། །དོན་མེད་གཞན་མཚངས་འདྲུ་དེ་དྲང་པོ་མིན། །ནང་རྩུབ་ཕྱི་འཇམ་བྱེད་དེ་དྲང་པོ་མིན། །དེ་སླད་དྲང་པོ་འཁྱོག་པོར་མ་གོལ་གཅེས། །དྲང་པོའི་གཞི་ནི་བསམ་པ་བཟང་པོ་སྟེ། །གནོད་སེམས་ལོག་པའི་ཡིད་ཀྱི་དགེ་བ་ཡིན། །དེ་ཡི་འཁོར་ནི་བརྐམ་ཆགས་ཆུང་བ་སྟེ། །བརྣབ་སེམས་མེད་ལ་ཀུན་དང་མཐུན་པའི་རྒྱུ། །དྲང་པོའི་རྒྱན་ནི་རང་བཞིན་མཛངས་པ་སྟེ། །སྐྱོན་ཡོན་བླང་དོར་འབྱེད་མཁས་ཤེས་རབ་ཡིན། །ཤེས་རབ་སྣང་བ་བརྡལ་བ་དེ་ཡི་མོད། །ནང་གི་ལོག་ལྟའི་མུན་པ་སངས་བར་འགྱུར། །ཡིད་ཀྱི་ཉེས་པ་མི་སྲུན་སྦྲུལ་གདུག་དག། །རྒྱུ་བའི་སྤྱོད་པའི་སྐྱེད་ཚལ་མི་མཛེས་ཏེ། །དེ་དག་བྲལ་བའི་སེམས་རྒྱུད་གཞུང་བཟང་པོ། །འདི་ཕྱིར་དགེ་བའི་ཡ་རབས་ཀུན་གྱི་གཞི། །རྩ་བ་སེམས་རྒྱུད་དྲང་ལ་ཡལ་ག་འདྲའི། །ལུས་ངག་དྲང་བ་དངོས་པོའི་ཆོས་ཉིད་དེ། །སྒོ་གསུམ་གཡོ་ཟོལ་མེད་པའི་ཤེས་རབ་ཅན། །དེ་འདྲ་ཕོ་རབས་བརྒྱ་ཡི་ཡང་རྩེ་ལགས། །དགོས་མེད་གཏམ་སྣ་མི་མང་རན་པར་སྨྲ། །སྨྲ་ཚད་ཕོག་ཐུག་མེད་པའི་འཇམ་པོ་དང་། །མཐུན་གཉིས་དབྱེ་བའི་ཕྲ་མ་མི་བྱེད་པའི། །ངག་དེ་རང་བཞིན་ཉིད་ཀྱིས་མཛེས་པ་ཡིན། །ཁྱད་པར་གཏམ་ལ་བདེན་པ་གལ་ཆེ་མོད། །དེང་སང་དུས་ན་ན་གཞོན་འདི་དག་གི །ཁ་ལ་བདེན་པའི་ཚེམས་དཀར་མི་འདུག་པས། །ཡ་རབས་དགའ་བའི་འཛུམ་ཟེར་ཡོད་མ་ཡིན། །ངག་གི་པདྨོ་བདེན་པའི་སྦྲང་རྩི་ཅན། །དེ་ལ་སྐྱེ་བོའི་ཡིད་ཀྱི་བུང་བ་འདུ། །དེ་ཕྱིར་བོང་བའི་ནུ་བཅུད་ལྟར་མིན་པར། །ཚིག་གི་འོ་མར་བདེན་པའི་མར་ཡོད་མཛོད། །རང་ལག་བདར་ཏེ་གཞན་སྲོག་གཅོད་པའི་ལས། །རབ་བྱུང་གཟུགས་བརྙན་ འདི་ཡིས་ཁེག་མོད་དེ། །ཚེ་འདིར་ཁ་ན་མ་ཐོའི་གཞི་ཆེན་དང་། །ཕྱི་མར་རྣམ་སྨིན་མི་བཟོད་མྱོང་བ་ཡི། །གཞན་ལ་བཅོལ་བའི་སྲོག་གཅོད་བཤས་ཚོང་སོགས། །མ་རབས་ངན་དགུའི་ལས་ལ་ཐབས་མཁས་པོར། །རློམ་ནས་གླང་གི་ས་ཕྱག་མི་བྱེད་པར། །ངོ་ལྐོག་འཕེར་བའི་རང་ཞེ་གཙང་སེང་མཛོད། །གཞན་ནོར་རྐུ་བ་ཁྱི་རྐུན་སྤྱོད་པ་སྟེ། །དེ་ལ་མི་ཁྲེལ་མ་རབས་འགའ་ལས་མེད། །རྐུན་མ་གང་ཡིན་མི་གཙང་བ་འདྲ་སྟེ། །དེ་ལ་མཆོག་དམན་སུ་ཞིག་བཏུད་པར་ནུས། །ཇི་ལྟར་ལྟོག་ཀྱང་མི་གཙང་གཅིན་སྐྱུག་ལ། །བཟའ་དང་བཏུང་བའི་རེ་བ་སུ་ཡིས་བྱེད། །དེ་ནི་མི་ཡི་ཐ་ཆད་རྐུན་པོ་ལ། །ལུགས་གཉིས་ཤེས་འོང་ནམ་མཁའི་པདྨོའི་ཟླ། །ལྐོག་ཏུ་བརྐུས་པ་མིན་ཀྱང་གཞན་གྱི་ནོར། །གཡོ་སྒྱུའི་ཐབས་ཀྱིས་མ་བྱིན་བཞིན་ཏུ་ལེན། །དེ་ལ་ཕྱི་མའི་ཉེས་དམིགས་ཆེ་ཙམ་དུ། །མ་ཟད་ཤེས་ལྡན་སྐྱེ་བོ་བརྒྱ་ཡིས་ཁྲེལ། །དེ་བས་ཕོ་རབས་འདུན་མ་ལུགས་གཉིས་ལམ། །ཡ་རབས་སྐྱེ་བོའི་སྤྱོད་པ་གསེར་ལྟ་བུ། །དོན་ཆུང་ནོར་སྣ་འགའ་ལ་བརྗེ་བ་ཡི། །མིག་མེད་ཆུ་མཆོང་ཅིས་ཀྱང་མ་བྱེད་ཅིག། །ངུར་སྨྲིག་ཆོས་གོས་གྱོན་པའི་བཙུན་གྲལ་དུ། །དབང་བའི་དཀར་པོ་གཅིག་ཐུབ་གལ་བརྒྱའི་འགག། །ཚངས་སྤྱོད་གསེར་གྱི་སྙེ་མ་འོད་པོ་ཆེ། །མ་ཉམས་གང་གི་ཕྱག་ན་ཐོགས་པ་དེར། །ཕྱི་མར་འཚང་པའི་ལྷ་ཡི་ཆོས་ཡོད་དེ། །ཚེ་འདིར་སྐྱིད་པའི་མི་ཡི་ཆོས་ཀྱང་ཡོད། །འདི་བདེ་ཕྱི་སྐྱིད་གྲགས་དང་བསོད་ནམས་གཞི། །སེམས་ཤིག་ཡོད་ན་དེ་ལ་དགྱེས་པར་མཛོད། །དཔལ་དེ་ཉམས་པའི་གྲགས་པ་མིན་པའི་རྐྱེན། །བུད་མེད་ལ་ནི་འགྲོགས་འདྲིས་ཆེ་བ་སྟེ། །དེ་སླད་ཉེ་དང་མཛའ་བའི་ཁུར་གྱིས་ནི། །རང་གི་རང་ཉིད་བརླག་པར་མ་བྱེད་ཅིག། །དེ་ལྟར་དགེ་བཅུའི་དཔལ་ཡོན་མུ་ཏིག་ཕྲེང་། །བརྒྱུས་པའི་གཞུང་བཟང་རིན་ཆེན་དོ་ཤལ་དེ། །ཁྱོད་ཀྱི་སྙིང་གར་ལེགས་པར་འཆང་གྱུར་ན། །ཚེ་འདིར་མི་ཡི་ཁྲོམ་དུ་ཁྱོད་མཛེས་ལ། །ཕྱི་མ་ཉམ་ང་རྒྱུས་མེད་གཤིན་རྗེའི་འཕྲང་། །བགྲོད་ཚེ་འཚང་བའི་དམ་པའི་ཆོས་ཀྱི་ཟོང་། །དེ་ཡང་ཁྱོད་ལ་ཉུང་བ་མ་ཡིན་པས། །འདི་ཕྱིའི་དོན་ཆེན་མ་ཤོར་འདི་ལ་འབོད། ། 

འཇིག་རྟེན་ཆོས་ལ་ཕྱི་ཐག་རིང་བ་འདི། །ལེགས་པའི་ཡོན་ཏན་བརྒྱ་ཡི་མཐུ་ཆེན་དེ། །དཀར་པོའི་ཆོས་ཀྱི་བང་མཛོད་མི་ཉམས་པར། །སྲུང་བའི་སྒོ་བ་མཆོག་ཀྱང་འདི་ཉིད་ཡིན། །བླ་མ་བསྟེན་ན་ཕྱི་ཐག་བསྲིང་དགོས་ཏེ། །ངོ་མི་རྟག་པས་དགེ་བའི་བཤེས་སྤོང་ཞིང་། །མཆེད་ལ་འགྲོགས་ཀྱང་ཕྱི་ཐག་བསྲིང་དགོས་ཏེ། །གསར་འགྲོགས་ཆེ་བས་ཡ་རབས་གྲོགས་རྣམས་སུན། །སྡོམ་པ་བླང་ན་ཕྱི་ཐག་རིང་དགོས་ཏེ། །བློ་མང་བྱ་བས་དམ་སྡོམ་མཐར་འཁྱོང་དཀའ། །མདོར་ན་དོན་ཆེན་གང་ཡིན་འགྲུབ་པ་ལ། །ཕྱི་ཐག་བསྲིང་བ་ཤིན་ཏུ་གཅེས་འདིར་ལྟོས། །དེ་ལྟར་ལྷག་བསམ་སྟོན་ཟླས་བྱིན་པ་ཡིས། །ཚིག་ཕྲེང་འོད་ཟེར་དཀར་པོའི་གཟེགས་མ་འདིས། །ཁྱོད་བློ་ཀུ་མུ་ཏ་ཁ་ཕྱེ་བ་ལས། །ཡ་རབས་སྤྱོད་པའི་དྲི་བཟང་སྤྲོ་བར་སྨོན། །ཞེས་པ་འདི་ཡང་སྲས་མཆོག་ལ་དྷརྨ་སཱ་རས་བསྒྲིགས་ཏེ་ཕུལ་བ་ལགས་ན་སྨྱོ་ཁ་གཙེས་པ་ལྟར་མ་བྱེད་པར་རང་གི་སྤྱོད་པ་ཞུ་དག་བྱེད་པའི་མེ་ལོང་དུ་གཅེས་པར་བཅིང་ནས་རྣམ་པ་ཀུན་ཏུ་ཉར་ཚག་བྱེད་པར་འཚལ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།