མི་གཞི་གསེར་ལྟ་བུ་དགོས་པའི་བསླབ་བྱ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 20:43:00     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

 མཁྱེན་གཉིས་རོ་གཅིག་ཡེ་ཤེས་སྐུ། །གུར་གུམ་གསལ་བའི་སྐྱེད་ཚལ་ལྟར། །ཡོངས་མཛེས་མཚན་དཔེའི་ལང་ཚོ་ཅན། །བླ་མ་འཇམ་དཔལ་དབྱངས་ལ་འདུད། །ལེགས་བྱས་རྫིང་བུར་འཁྲུངས་པའི་ལུས། །དལ་བའི་འདབ་མ་བརྒྱད་ལྡན་པའི་། །པདྨ་གཞོན་ནུ་མི་ཉམས་སླད། །ཡ་རབས་གཏམ་གྱི་ཆབ་འདི་གསོལ། །མི་གཙང་ས་ལུད་ཟ་བ་ཡི། །ཁྱི་ཕག་སྲིན་བུ་ལ་སོགས་པར། །མ་གྱུར་མི་ཡི་ལུས་རྙེད་སྐབས། །ཚེ་རབས་གཏན་དོན་སྒྲུབ་དགོས་ཏེ། །ལྷ་ཡི་ཆོས་ལ་ཚུལ་ཁྲིམས་གཙོ། །མི་ཡི་ཆོས་ལ་བདེན་པ་གཙོ། །གཉིས་ཀ་ལ་ནི་མི་གཞི་གཙོ། །གཙོ་བོ་གསུམ་པོ་འདི་ལ་དགོས། །ལྷ་ཆོས་གཞི་མ་ཚུལ་ཁྲིམས་ཀྱི། །མེ་ཏོག་སད་ཀྱི་འགལ་རྐྱེན་གཙོ། །མི་ཚངས་སྤྱོད་སོགས་བཞི་པོ་འདི། །སྲོག་ལ་ཐུག་ཀྱང་སྤངས་ན་ལེགས། །མི་ཆོས་རྩ་བ་དུས་ནམ་ཡང་། །ཁ་བདེན་ཁོག་དྲང་སུ་ལ་ཡང་། །བསམ་པ་བཟང་པོ་འཆང་བ་ཞིག། །མི་ཡི་རྒྱན་ཡིན་མེད་ཐབས་མེད། །མི་གཞི་ཇི་ལྟར་ལེགས་པའི་ཚུལ། །མི་རྣམས་ཀྱིས་ནི་ངག་སྒྲོས་ལ། །མི་དེ་གསེར་དང་འདྲ་འོ་ཞེས། །མི་དཔྱོད་ཡ་རབས་ཚད་དུ་བརྩི། །དེ་ཕྱིར་མི་ལ་གསེར་ལྟ་བུ། །དགོས་འདུག་མི་དང་གསེར་གྱི་ཚུལ། ། ཅུང་ཟད་སྦྱོར་བའི་བསླབ་བྱ་འདི། །བརྩེ་བའི་སེམས་གྱིས་ཁྱོད་ལ་བྱ། །གསེར་ནི་ཁ་དོག་བཟང་བས་ན། །སུ་ཝརྞ་སྟེ་མདོག་བཟང་ཟེར། །དེ་བཞིན་མི་ཡི་གཤིས་ཏེ་ཡང་། །མི་མཁྲེགས་བཟང་པོའི་ངང་ཚུལ་དགོས། །གསེར་ནི་རེག་བྱ་ལྕི་བས་ན། །རང་གི་གོ་ས་གནོན་ལ་བསྔགས། །མི་ཡང་འགྱུར་ལྡོག་མ་རྐྱེན་པར། །རང་གིས་རང་ཚུགས་ཐུབ་པ་དགོས། །གསེར་ནི་རླན་གྱི་རྐྱེན་སོགས་ལས། །གཡའ་ཡི་དྲེག་པས་ཆུད་མི་ཟ། །དེ་བཞིན་ནམ་ཡང་གྲོགས་རྐྱེན་ལས། །སྤྱོད་པ་ངན་པས་ཆུད་ཟོས་སྤངས། །གསེར་ནི་ཅི་ཙམ་བཞུ་བཏུལ་ཡང་། །རང་བཞིན་མཉེན་ལ་ཇེ་བཟང་ཟེར། །མི་ཡང་རང་དང་གཞན་གྱིས་ནི། །བཅོས་ཀྱིན་ཡོན་ཏན་ཇེ་ཆེ་དགོས། །གསེར་ནི་ནོར་གྱི་གཙོ་བོ་སྟེ། །འཇིག་རྟེན་འདི་ན་དཀོན་པའི་ཚད། །དེ་བཞིན་ཡོན་ཏན་ལྡན་པའི་མི། །དཀོན་པས་མི་ཡི་ཆོས་ལ་འབོད། །གསེར་ནི་རིན་ཐང་ཆེ་བས་ན། །སུ་ལ་ཡོད་དེས་དབུལ་བ་སེལ། །དེ་ལྟར་མི་ལུས་སུས་ཤེས་ན། །རང་ཉིད་ཕོངས་པ་ཅེས་ཀྱང་སེལ། །གསེར་ནི་དངོས་པོ་བཟང་པས་ན། །ནམ་ཡང་མི་ལ་མི་འགྲིམ་མེད། །མི་བཟང་བསམ་སྤྱོད་ལེགས་པ་ཡང་། །ཀུན་ལ་གཙིགས་ཆེ་ཚད་མར་འཛིན། །གསེར་ནི་རྒྱལ་བློན་ཁྱིམ་བདག་སོགས། །འབྱོར་ལྡན་ལ་ཡོད་གཞན་ལ་མེད། །མི་ཆོས་བཟང་པོའི་ངང་ཚུལ་ཅན། །རིགས་བཟང་ལ་ཡོད་གཞན་ལ་མེད། །དེ་ལྟར་ཡོན་ཏན་བརྒྱད་ཀྱིས་ནི། །གསེར་དང་འདྲ་བའི་མི་གཞི་དེ། །ལུགས་གཉིས་ཀུན་གྱི་སྲོག་ཡིན་པས། །རང་གི་རང་བཞིན་འཆོས་པར་མཛོད། །མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ན། །འཛེག་ན་ཐར་བ་གམ་ན་འདུག། །དེ་སྐད་སྨྲ་བ་ཡབ་གཅིག་འཇམ་པའི་དཔལ། །སྙིང་ལ་རོལ་བའི་བློ་གྲོས་འབུམ་འཛིན་པ། །གང་གིས་དགྱེས་བཞིན་བསྐྱངས་བའི་བཙུན་པའི་གཟུགས། །དྷརྨ་སཱ་ར་དེ་ཡིས་བྲིས་པ་དགེ །མི་གཞི་གསེར་ལྟ་བུའི་གསེར་ཆོས་གཙོ་བོ་རང་བཞིན་བཟང་བ་དང་གཅིག། རང་ཚུགས་ཐུབ་པ་དང་གཉིས། གྲོགས་ངན་གྱི་རྐྱེན་གྱིས་སྤྱོད་ངན་གྱི་གཡའ་ལངས་ཏེ་ཆུད་མི་ཟ་བ་དང་གསུམ། མཁན་སློབ་དགེ་བའི་བཤེས་སོགས་ཡ་རབས་ཀྱིས་བཅོས་ཀྱིན་ཡོན་ཏན་འགོ་ཞིང་བཀོལ་བཏུབ་པས་དུལ་བ་སྟེ་བཞི་ཡིན་ནོ། །ལྡོག་པ་ར་གན་ནོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།