ཡེ་ཤེས་རྒྱ་མཚོར་གདམས་པའི་བསླབ་བྱ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 20:33:42     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

           ན་མོ་གུ་རུ། འཁོར་བར་འཁོར་བའི་ཚེ་རབས་ཀུན་ཏུ། །སྐྱིད་སྡུག་ཅིར་ཡང་བློ་ཡི་གཏད་སོ། །བླ་མ་རྗེ་བཙུན་དེ་ལ་འདུད་ཀྱིས། །བྱམས་བརྩེའི་ཐུགས་རྗེས་ལྷན་ནེར་སྐྱོངས་ཤིག། །ཀྱེ་ཀྱེ་བཙུན་ཆུང་ཀྱེ་ཀྱེ་བློ་གསལ། །ང་འདྲ་རྐང་པ་གཉིས་ཀྱིས་འགྲོ་ཡང་། །བསམ་སྤྱོད་རྐང་བཞི་ཕྱུགས་བཞིན་ཡོད་པས། །ཁྱེད་ལ་གདམས་པ་སྨྱོན་པའི་ལས་ཀ། ཐོས་བསམ་རིན་ཆེན་ལོ་མ་མི་ཟ། །ཡོན་ཏན་བདུད་རྩི་འཐུང་དུ་མི་འདོད། །རྣམ་གཡེང་བྱ་བའི་ངན་སྐྱུག་བརྟེན་པ། །ང་འདྲ་ཁྱི་ཡིན་ཤེས་སམ་སྙིང་གྲོགས། །ལྷ་ཆོས་ལུགས་བྱས་སྡོམ་དང་དམ་ཚིག། །གར་སོང་མེད་པའི་མདོ་ཤོར་ངང་ན། །གསུང་རབ་བལྟ་བའི་མིག་གཉིས་ལོང་བའི། །ཡོན་ཏན་ནོར་མེད་སྤྲང་པོའི་ཡང་རྩེ། །མི་ཆོས་ལུགས་བྱས་རྣམ་གཡེང་ངང་ན། །ཡར་སྐྱེས་མི་ཡི་མཐོང་ཚོར་མེད་ལ། །མར་རྒས་རང་གིས་གོ་རྟོགས་མེད་པར། །ན་ཚོད་ཡོལ་བའི་མི་ངན་མདོ་མེད། །ལྷ་ཆོས་ཕྱི་མའི་ལམ་རྒྱག་མི་བསམ། །མི་ཆོས་ཚེ་འདིའི་འདུན་མ་མི་བསྒྲིགས། །རང་ཞེ་རང་ལ་སྦོམ་པའི་ངང་ནས། །ལོ་ཟླ་འཕུལ་བའི་སྨྱོན་པ་ཀླད་མེད། །ཟོག་རེད་བྱས་ན་རྐང་པ་གཉིས་ཅན། །མི་རེད་བྱས་ན་ཁྱི་བཞིན་མདོ་མེད། །ཀྱེ་མ་ཀྱེ་ཧུད་སྐྱབས་གཅིག་རྗེ་བཙུན། །ལས་ངན་ངེད་ཚོའི་གནས་ཚུལ་ཨེ་དགོངས། །ཐུགས་རྗེའི་ལྕགས་ཀྱུ་ཇི་ལྟར་རྣོ་ཡང་། །དད་པའི་ཨ་ལོང་ཤིན་ཏུ་ཕྲ་བས། །འདྲེན་པའི་ནུས་མཐུ་དེ་ཙམ་ཞན་འདུག། །དཀོན་མཆོག་ཁྱེད་ལ་ཡི་ཆད་ཅི་ཡོད། །ལང་ཚོ་དར་སྐབས་སྣང་བ་སྐྱིད་སྐྱིད། །མདོ་མེད་ངང་ལ་མི་ཚེ་གཟད་ཅིང་། །ན་སོ་རྒས་དུས་ལུས་སེམས་རྒུད་དེ། །གང་བྱུང་ངང་ལ་སྡུག་གིས་འདའ་ན། །གཞོན་ཏེ་མ་བྱུང་སྣང་བ་སྐྱིད་འབྱམས། །རྒན་ཏེ་མ་བྱུང་ལོ་ཟླ་སྡུག་འཕུལ། །ལྷ་ཆོས་མི་ཆོས་དམ་པའི་ཕྱག་ལེན། །ད་ནི་འོང་བའི་དུས་ཞིག་ནམ་ཡོད། །ཀྱེ་ཀྱེ་སྐལ་བཟང་སྙིང་གི་གྲོགས་པོ། །ང་ཚོའི་ལད་མོ་དེ་འདྲ་མ་མཛད། །ཡ་རབས་དམ་པའི་རྣམ་ཐར་སྐྱོང་ལ། །ཡོན་ཏན་བདུད་རྩི་ད་ལྟ་བཞེས་ཤིག། །འགལ་རྐྱེན་ནད་དང་རྒས་ཀྱིས་མ་མནར། །མཐུན་རྐྱེན་ཆོས་དང་བཤེས་གཉེན་འཛོམ་ན། །སེམས་ཤིག་ཡོད་ཚེ་ལག་པ་སྟོང་བར། །ཕྱི་མའི་ལམ་རིང་བགྲོད་མཁན་སུ་ཡོད། །སྐལ་མཉམ་གྲོགས་མཆེད་ཁྲོམ་གྱི་དབུས་ན། །ཚུལ་ཁྲིམས་གོས་བཟང་གཡང་ལུགས་གསོལ་ཏེ། །མང་ཐོས་གསེར་གྱིས་རྒྱན་ཆས་མཛེས་པའི། །ཡོན་ཏན་གཟི་འབར་ཁྱེད་ཚོའི་མཛད་ན། །ངོ་ཚའི་གོས་མེད་གཅེར་བུར་སོང་བས། །སྤྱོད་ངན་འདོམ་ལ་སྦ་གསང་མེད་པར། །དམ་པས་ཁྲེལ་ཞིང་སྐྱུག་བྲོའི་གནས་ངན། །སྨྱོན་པ་ང་འདྲ་ཐ་ཆད་ལགས་སོ། །ལྷ་ཆོས་ཤེས་ན་ཚེ་འདིའི་འདུན་མ། །མ་བསྒྲུབ་བཞིན་དུ་འགྲུབ་པ་ཆོས་ཉིད། །མི་ཆོས་མཁས་ན་འདི་དང་ཕྱི་མ། །སྐྱིད་དགུའི་ལག་རྩེར་ཡོད་ལུགས་ཡོད་ཀྱིས། །འདི་སྣང་འདི་ལ་སུ་ཡང་འཐམ་མོད། །ཕྱི་མ་བོར་ཏེ་འདི་ངོགས་ཁོ་ན། །ཅི་ཙམ་བསྒྲུབ་ཀྱང་གྲུབ་དུས་མེད་པ། །དམ་པའི་གསུང་བཞིན་མངོན་སུམ་ལགས་སོ། །ཆེད་དུ་སྐྱོང་བའི་འབད་རྩོལ་བསྐྱུར་ཡང་། །རྒྱལ་ཁམས་ཀུན་ཀྱང་བྱམས་པས་གཉེན་དུ། །དཀའ་ཚེགས་འགྱུར་ལྡོག་མེད་པར་འཁོལ་བའི། །གཉེན་གྱི་སྐྱོང་ལུགས་དེ་འདྲ་ཡོད་དོ། །གང་ཟག་རེ་གཉིས་རིས་སུ་བཅད་དེ། །དཀར་ནག་ངོ་ལ་འཚོ་སྐྱོང་བྱས་བྱས། །ཚེ་འདིར་མི་ཕན་ཕྱི་མར་གནོད་པའི། །གཉེན་གྱི་སྐྱོང་ལུགས་དེ་འདྲ་ཡོད་དོ། །དགྲ་གཉེན་རེ་དོགས་རྩིས་གདབ་ལྷོད་པའི། །ཀུ་ཡངས་ངང་ན་གནོད་བྱེད་ཟད་བཞིན། །མཐོ་དམན་སུས་ཀྱང་ཐལ་མོས་བཀུར་བས། །དགྲ་ཡི་འདུལ་སྐྱོང་འཁོར་བའི་ཆོས་ལུགས། །ཆེད་དུ་བསྒྲུབ་ན་འགྲུབ་ཏུ་མེད་པར། །མ་བསྒྲུབ་བསྐྱུར་ན་ལྷུན་གྱིས་གྲུབ་གྲུབ། །འདི་འདྲའི་ཆོས་ཉིད་མཁས་པའི་སྤྱོད་ཡུལ། །གཞོན་པ་ཁྱེད་ཚོས་ཤེས་ཤེས་འདྲ་ན། །བསྒྲུབ་ཀྱང་མི་འགྲུབ་རྣམ་གཡེང་བྱ་བ། །རྦད་ཀྱིས་བཅད་དེ་གཅིག་བསྒྲུབ་ཀུན་གྲུབ། །དམ་པའི་ཆོས་ལ་ཐུགས་ཐག་ཆོད་དང་། །གཞུང་ལུགས་མ་ཎི་དབྱངས་སུ་འཐེན་བཞིན། །དོན་མེད་སྡིག་པའི་ལས་ལ་བྲེལ་བའི། །གཞོན་ཆུང་ནེ་ཙོའི་སྤུན་ཟླ་མཛད་ན། །ཁ་ཆོས་ཁོ་ནས་རང་ཉིད་བསླུས་འགྲོ། གདམས་ངག་རིན་ཆེན་སྡེ་སྣོད་རྣམ་གསུམ། །ཐོས་པ་ཙམ་ཡང་བསོད་ནམས་ཆེ་ན། །དེང་སང་དེ་ལ་འཕྲད་ནས་ཡོད་པས། །ཐོས་པའི་མཐའ་རྒྱ་ལེགས་པར་ཆོད་དང་། །གདམས་ངག་ཐོས་པའི་དགོས་པ་ཉིད་ནི། །སྒྲུབ་པའི་རྒྱལ་མཚན་འཛུག་ཕྱིར་ཡིན་ན། །ཐོས་པ་རྣ་རྒྱབ་རླུང་འུར་མིན་པར། །ཐོས་དོན་སེམས་ལ་གནད་དུ་བསྣུན་དང་། །ཐོས་པ་བྱེད་ཚེ་དོན་ཆུང་ལས་ལ། །གལ་པོ་ཆེ་མདོག་རང་མགོ་བསྐོར་བསྐོར། །ཐོས་དོན་སྒྲུབ་ཚེ་ཚིག་སྐམ་གོ་ལོ། །ཤགས་ཀྱི་མཚོན་ཆས་གཞན་སེམས་དཀྲུག་དཀྲུག། །བྱ་བ་བྱས་ཚད་གནད་དུ་མ་ཕོག །མི་ཚེ་སྟོང་ཟད་མདོ་ཤོར་ཆོས་ལུགས། །དེ་འདྲ་འབྱུང་ཉེན་ཤིན་ཏུ་ཆེ་བས། །ཐུགས་རྩེ་མ་ཡེངས་རང་གཤིས་རྟོག་དང་། །ཁ་ཕྱིར་འཁོར་བའི་བློ་ངན་དྲེད་པོས། །ཞུས་དག་མི་ལ་གཏོང་གིན་འདུག་སྟེ། །རྣལ་འབྱོར་རང་བཅའི་ཐུགས་བསམ་ཡོད་ན། །ཞུས་དག་རང་གིས་རང་ལ་མཛོད་དང་། །འདུལ་མངོན་མདོ་སྡེའི་ཤེལ་དཀར་མེ་ལོང་། །རང་རྒྱུད་བཞིན་རས་རྟོགས་བྱེད་ཡིན་པས། །སྟོན་པ་མཆོག་དེས་ཕྱི་རབས་གདུལ་བྱར། །བལྟ་བའི་བཙས་སུ་བཞག་བཞིན་ལྟོས་དང་། །སྡེ་སྣོད་མེ་ལོང་མི་ལ་སྟོན་བཞིན། །རང་རྒྱུད་སྐྱོན་གྱི་དྲི་མ་འཐུག་པོ། །མ་མཐོང་མུན་པ་འདོམ་འཇལ་བྱེད་མཁན། །ང་འདྲ་མང་མོད་དགོས་དོན་ཆུང་ངོ་། །དེ་སྐད་སྨྲ་བ་ཆོས་ཀྱི་རྒྱ་མཚོ། །རང་གཤིས་སྦྲུལ་གདུག་འཁྱོགས་པོར་འགྲོ་བཞིན། །གཞན་མཚང་འདོན་པའི་དུག་གི་ཁ་རླངས། །ཁྱེད་ལ་བཏང་ལ་དགོས་པ་ཅི་ཡོད། །དེ་སྐད་བསྐུལ་མཁན་ཡེ་ཤེས་རྒྱ་མཚོ། །བློ་གསལ་རིག་པའི་འཆར་སྒོ་ཡངས་ཀྱང་། །དེང་སང་ང་ཚོའི་ལུགས་གཉིས་བྱ་བཞག། །ཞག་གསུམ་ཡིན་པས་དེ་བར་གཟིགས་དང་། །ཞེས་པ་འདི་ཡང༧དྷརྨ་སཱ་རས་བྲིས་པ་དགེ་ལེགས་འཕེལ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།