ཨ་བཞི་བའི་ཉམས་ལེན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 20:31:04     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

      ཀ་པ་ལི་ལ་གཟིགས་ཤིང་སུན། །ཁ་ནས་གང་བྱུང་རྩོག་གཏམ་སྨྲ། །ག་ཤལ་གོས་བཟང་གྱོན་ལ་དགྱེས། །ང་ནི་དེ་འདྲར་ཡོངས་མ་དགའ། །ཅ་ཅོའ་ཤིགས་ཀྱིས་ནམ་ཟླ་གཅོད། །ཆ་བྱད་བུད་མེད་གཞོན་ནུ་བཞིན། །ཇ་ཕོར་ཡན་ཆད་དངུལ་གྱིས་དཀྲིས། །ཉ་མོ་ཆུ་ལ་འཕར་བཞིན་རྩེ། །ཏཱ་རེ་ཙམ་ཡང་འདོན་རྒྱུ་མེད། །ཐ་མལ་ཚོང་དང་བུད་མེད་སྒོམ། །ད་ལྟ་བནྡེ་ཡིན་མདོག་ཁ། །ན་ནིང་ཟེར་དུས་སྐྱ་བོའི་གྲྭལ། །པ་ན་གཅིག་གཏོང་གཉིས་ལེན་གྱིས། །ཕ་རོལ་ཤག་པོའི་མགོ་བརྡུང་མཁན། །བ་འདྲ་ཟ་ཉལ་ལ་དགའ་བའི། །མ་རུང་དེ་འདྲ་དེང་སང་མང་། །ཙ་རི་ལ་སོགས་གནས་བསྐོར་མཁན། །ཚ་གྲང་ཐག་པའི་སྡུག་རུས་ཅན། །ཛ་ཡ་ཇི་འདྲ་མི་ཤེས་པའི། །ཝ་མོས་རི་གསེབ་ཉུལ་འདྲའང་ཡོད། །ཞྭ་མདོག་དམར་སེར་ཞེན་ཁ་ཡིས། །ཟ་ཆོག་ཙམ་རེའི་ཕྱག་ལེན་གྱིས། །འ་འུར་མི་ཚེ་སྟོང་གཟད་མཁན། །ཡ་མ་ཡེངས་ཏེ་ཤིན་ཏུ་མང་། །རྭ་ལྟར་མཁྲེགས་པའི་སེམས་རྒྱུད་ལ། །ལ་ལའི་སེམས་ངོ་སྐྱོང་ཟེར་ནས། །ཤ་ཚ་སྙིང་རྗེ་མེད་པ་ཡི། །ས་ཐོབ་དེ་འདྲ་ཡོད་མདོག་བྱེད་། །ཧ་ཧ་སུ་དང་གང་སྣང་ཡང་། །ཨ་ཧོ་ངོ་མཚར་ཅང་མི་འདུག། །ཁྱེད་ཀྱང་དེ་འདྲའི་ལུགས་སྲོལ་གྱིས། །མདོ་ཤོར་བྱེད་རྒྱུ་ལོས་ཡིན་རེད། །ཡོན་ཏན་ཐོས་བསམ་ཡིན་ཀྱང་བྱེད་མི་མོས། །ཐར་ལམ་ཚུལ་ཁྲིམས་ཡིན་ཏེ་བསྲུང་མཁན་དཀོན། །ཡར་འདྲེན་བཤེས་གཉེན་ལགས་ཀྱང་འཁུར་མི་བཏུབ། །རང་དགར་བསྡད་དེ་རང་དོན་འགྲུབ་པ་དཀའ། །གླིང་པདྨ་ལ་སྨྲས་པ་དགེ།

    ན་མོ་གུ་རུ་དྷཱིཿ༼ཨ༽དམ་པའི་རང་མདངས་ཇི་ལྟར་རིགས་པ་ཡིས། །མཛེས་པའི་འོད་འབར་འདམ་གྱི་པདྨ་དེ། །མ་གྲང་རྒོད་པས་རྡོག་པས་མ་དྲིལ་བར། །ཐབས་ཀྱི་བརྟེན་ན་ཡོན་ཏན་སྦྲང་རྩི་ཡོད། །བཀུར་འོས་འཁུར་བ་དམ་པའི་རང་གཤིས་ཏེ། །དམ་པ་མིན་ལ་དེ་འདྲའི་རང་ལུགས་མེད། །ཡ་རབས་སྤྱོད་ལ་དགའ་བའི་སེམས་ཡོད་ན། །པདྨ་དེ་འདྲ་ཐོད་དུ་བཅིང་ན་མཛེས། །ཨ་དང་པོའི་ཉམས་ལེན་ནོ། །༼ཨ༽ལས་སྨོན་བསོད་ནམས་མཐུན་པའི་ནགས་ཚལ་ན། །ལྷན་ཅིག་སྐྱེས་པའི་ལྗོན་པ་གཞོན་ནུ་དང་། །མ་རེག་མ་བརྡར་དྲང་པོའི་རང་ཚུག་གིས། །ལོ་མ་འཕེལ་བ་ཡ་རབས་ཤིང་གི་གཤིས། །སྐལ་མཉམ་གྲོགས་ལ་ཉེ་རིང་སྙོམས་པ་ཡིས། །འགྲོགས་ཚུལ་མཁས་པ་མཁས་པའི་ཕྱག་བཞེས་ཏེ། །ཡ་རབས་སྤྱོད་ལ་དགའ་བའི་སེམས་ཡོད་ན། །ལྗོན་པ་དེ་འདྲར་མཉམ་བསྐྱེད་བསྲིང་ན་མཛེས། །ཨ་གཉིས་པའི་ཉམས་ལེན་ནོ།༼ཨ༽སྙིང་རྗེའི་ཆུ་རྒྱུན་ཉམ་ཐག་གཤོང་བུ་རུ། །འབབ་པ་འཇིག་རྟེན་འདི་ན་ཆོས་ཉིད་དེ། །དམན་པའི་ཁྱི་ལའང་དབྱུག་པས་ནན་བརྙས་ཚེ། །མཆེ་བའི་མཚོན་ནི་རལ་གྲིའི་སོ་བཞིན་རྣོ། །དམན་རྣམས་ནམ་ཡང་ཁྱད་དུ་མི་གསོད་པར། །བྱམས་པའི་གྲིབ་མར་མགྲོན་དུ་འབོད་པ་ཡི། །ཡ་རབས་སྤྱོད་ལ་དགའ་བའི་སེམས་ཡོད་ན། །བསྐྱངས་འོས་དམན་ལ་སྐྱོང་བའི་བརྩེ་སེམས་བསྐྱེད། །ཨ་གསུམ་པའི་ཉམས་ལེན་ནོ། ༼ཨ༽སྨན་དང་དུག་དུ་ངོས་བཟུང་དཀའ་བ་ཡི། །རྫས་ལ་བླུན་པོ་མིན་པས་མི་བཟའ་ཞིང་། །མེ་དོང་ཐལ་བས་གཡོགས་པ་དེ་ཡི་ནང་། །ཤེས་རབ་ཅན་རྣམས་ལག་པས་ནོམ་པ་མིན། །བསྟོད་ན་བསྟན་དང་འགྲོགས་ལ་གནོད་དོགས་ཤིང་། །སྨད་ན་རང་དང་གཞན་ཡང་ཉམས་དོགས་པས། །དོགས་པའི་ཆུ་བོ་བརྒལ་བར་དཀའ་བས་ན། །སེམས་ཀྱི་རི་དྭགས་བཏང་སྙོམས་རི་ལ་སྡོད། །ཨ་བཞི་བའི་ཉམས་ལེན་ནོ། །དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།