མཚན་ཉིད་པ་རྣམས་ལ་ཐུགས་དམ་དགེ་བསྐུལ་གྱི་གསལ་འདེབས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 20:23:45     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

          ན་མོ་གུ་རུ། ཀ་ཡེ་སྔོན་སྨོན་ལས་ཀྱིས་བསྡུས་པའི་ཆོས་གྲྭ་བ་ཚོ། །ཡེངས་མིག་ཡེངས་མ་བྱེད་བློ་ཁ་ནང་དུ་སྐོར་དང་། །ག་ལེར་སྡོམ་གསུམ་ཨེ་དག་རང་རྒྱུད་ཅིར་སོང་ལྟོས་དང་། །ང་རྒྱལ་བྱས་པས་མི་འོང་རང་ཞེ་འགྱོད་མེད་དགོས་སོ། །ཅ་ག་ཡོ་བྱད་གང་བཟང་གཅིག་ལ་གཅིག་འགྲན་བྱེད་བཞིན། །ཆ་ཙམ་ཆོས་ལ་མི་སེམས་ཆ་ལུགས་ཅི་མཛེས་བྱེད་པ། །ཇ་ཤ་དཀོར་གྱིས་བརྒྱག་ཀྱང་རྒྱལ་བསྟན་རྨིང་ནས་འཇིག་པའི། །ཉ་མོ་ཆུ་ལ་འཕྱོ་འདྲའི་བག་མེད་དེ་འདྲ་མི་རུང་། །ཏ་ལའི་ཡ་ཐོག་སྐམ་འདྲའི་སྡོམ་པ་རྩད་ནས་གཏོང་བའི། །ཐ་མལ་སྤྱོད་པ་མི་སྲུན་མི་ཚངས་སྤྱོད་སོགས་བཞི་བོ། །ད་ཙམ་བྱས་པ་མེད་ཀྱང་ཡང་ཡང་སྡོམ་སེམས་མེད་ན། །ན་ནང་བདུད་རྩིའི་ལོ་མས་ཡུན་རིང་ཕེར་བ་དཀའ་འོ། །པ་ར་མི་ཏ་འདོན་པའི་བཙུན་ཆུང་ཕྲེང་སེར་འདྲེན་རྣམས། །ཕ་རོལ་ཤི་བའི་འོག་ན་བདེ་སྡུག་ཅི་འདུག་བསམ་ཚེ། །བ་སྤུ་འགུལ་ཙམ་མེད་ན་ཡ་རབས་བྱེད་མདོག་བྱས་ཀྱང་། །མ་རབས་སྤྱོད་ངན་གཤིས་ལ་གཅིག་རྗེས་གཉིས་སླེབ་ཡིན་ནོ། །ཙ་སོགས་ཚེར་མའི་རེག་བྱ་ལུས་ལ་རེག་པ་བཞིན་དང་། །ཚ་བའི་སྨན་གྱི་རོ་བཞིན་རང་རྒྱུད་རྩུབ་མོ་མ་བྱེད། །ཛ་ཏིའི་དྲི་བསུང་ལྡང་བཞིན་འཇམ་ཞིང་དུལ་བའི་སྤྱོད་པ། །ཝ་ལེར་དྲན་པས་ཟུངས་ལ་སེམས་རྒྱུད་འཆོས་པར་མཛོད་དང་། །ཞྭ་བཞིན་ཐོད་དུ་བཀུར་འོས་བླ་མ་སློབ་དཔོན་བསྟེན་ནས། །ཟ་མ་མོ་རིགས་མ་བསམ་རང་གིས་རང་ལ་བརྟགས་ནས། །འ་འུར་གཞན་ཚོའི་ལད་མོ་སྣང་བ་གང་དྲན་མིན་པར། །ཡ་མཚན་ཆེ་བའི་ཆོས་ལ་རང་བློ་ཅི་འགྲོ་མཛོད་ཅིག །རྭ་ལྟར་གྱོང་བའི་སེམས་འདི་འདུལ་ཐབས་ཅི་དྲག་ལས་གཞན། །ལ་ལུང་སྐྱེ་བོའི་ལད་མོ་མཐོང་ཚད་ལག་ཏུ་མ་ལེན། །ཤ་ཁྲག་ལུས་ཀྱི་སྒྱུ་མ་གཅེས་དགུའི་གསོས་པའི་དོན་པོ། །ས་ལམ་ཡོན་ཏན་ཨེ་རྙེད་སེམས་གྱི་མཐིལ་དུ་ཟུངས་དང་། །ཧ་པ་བརྒྱག་པ་ལྟ་བུར་མལ་ན་འགྲེ་ལྡོག་བྱེད་བཞིན། །ཨ་ལི་ཨོ་ལེའི་ངང་ལ་མི་ཚེ་སྟོང་པར་ཟད་ནས། །ཧ་ལ་བདུད་རྩིར་རློམ་པའི་འདི་སྣང་ལག་ལེན་ཁོ་ནས། །ཨ་དོན་ཐོས་བསམ་སྒོམ་གསུམ་ཆུད་ཟོས་མ་བྱེད་སྐུ་མཁྱེན། །དགེའོ།།

ཀ་པ་ལི་ལ་གཟིགས་ན་གཏིང་ནས་སྐྱུག་ལོག་འོང་འོང་། །ཁ་དོག་དཀར་དམར་བརྩད་ན་དོན་མེད་ཁ་ཤགས་ཡིན་མདོག། །ག་ནས་ཐོས་བསམ་བཏང་ཡང་ཐོས་བསམ་ཐུགས་ལ་མི་འདོག། །ང་ཆེ་ང་བཟང་ཟེར་བའི་མ་རབས་མ་བྱེད་སྐུ་མཁྱེན། །ཅ་ག་ཡོ་བྱད་དོན་ལ་ཚོང་དང་གཡོ་སྒྱུའི་སྐོར་མགོ །ཆ་ལང་རྡེབ་བཞིན་འགྱུ་ནས་ཆོས་གྲྭ་འགྲིམ་མདོག་བྱས་ཀྱང་། །ཇ་ཐུག་དཀོར་གྱི་སྡིག་པས་སང་གནང་ཤི་མ་ཐག་ཏུ། །ཉ་མོ་སྤང་ལ་བྱུང་འདྲའི་རྣམ་སྨིན་མ་གསོག་སྐུ་མཁྱེན། །ཏཱ་རེའི་གསུང་ཆོག་ལ་སོགས་ཆོས་ཐོག་རེ་རེའི་དགེ་སྦྱོར། །ཐ་མལ་སྐྱེ་བོའི་དམ་ཆོས་ཚེ་གང་འགྲུབ་རྒྱུ་དཀའ་ན། །ད་ལྟ་ལེ་ལོ་མ་བྱེད་ནན་ཏན་ལག་ལེན་མཛོད་ལ། །ན་འཆི་གློ་བུར་བྱུང་ཡང་འགྱོད་མེད་མཛད་རྒྱུ་སྐུ་མཁྱེན། །པ་ར་ཨརྠ་ཞེས་བྱ་གང་སྣང་སྟོང་པའི་ངོ་བོ། །ཕ་མ་འགྲོ་དྲུག་འདྲེན་པའི་བྱམས་དང་སྙིང་རྗེའི་སེམས་མཆོག །བ་སྤུ་གཡོ་བའི་བར་དུ་ཡང་ཡང་གསལ་འདེབས་མཛད་ནས། །མ་དག་ཐ་མལ་སེམས་རྒྱུད་ཆོས་ལོབ་མཛོད་དང་སྐུ་མཁྱེན། །ཙ་རུ་ཙ་གོང་བསྐོར་བའི་རྐང་བའི་འཕྲུལ་འདེགས་མེད་ཀྱང་། །ཚ་བའི་སྨན་གྱི་ནུས་པས་གྲང་ནད་རྩད་ནས་འདོན་བཞིན། །ཛ་བྷྱོ་ཕཊ་ཀྱིས་བྱེད་པ་ལས་ཉོན་གདོན་ལ་བཏབ་ནས། །ཝ་ལེར་བླ་མེད་བྱང་ཆུབ་ཡིད་ལ་ཟུངས་དང་སྐུ་མཁྱེན། །ཞྭ་སེར་ལུགས་བཟང་འདི་འདྲ་ཡང་ཡང་མཇལ་བ་དཀའ་བས། །ཟ་འདུ་འབར་འདུའི་ངང་ལ་མི་ཚེ་སྟོང་པར་མ་གཟད། །འ་འུར་ཐལ་ཕྲེང་རྩོད་པའི་རིགས་པས་གདར་ཤ་ཆོད་དང་། །ཡ་མཚན་ཆེ་བར་འདུག་གོ་ཐུགས་ལ་ཟུངས་དང་སྐུ་མཁྱེན། །རྭ་བ་གངས་རིའི་བསྐོར་བའི་སྨན་ལྗོངས་འདི་ན་སྐྱེས་ཏེ། །ལ་ལུང་བརྒལ་དགོས་མ་བྱུང་དམ་ཆོས་སྒོ་རྩར་སླེབ་པས། །ཤ་ཁྲག་ཟད་ཟད་བར་ཏུ་ཐོས་བསམ་སྒོམ་གསུམ་བྱས་ནས། །ས་ཐོབ་སེམས་དཔའ་ཨེ་འོང་སྙིང་ནས་ལྟོས་དང་སྐུ་མཁྱེན། །ཧ་ཅང་སྙན་གྲགས་གཡོ་བའི་སློབ་དཔོན་བདག་ཉིད་ཆེན་པོ། །ཨ་ཏི་ཤ་དང་འབྲོམ་རྗེ་འཇམ་མགོན་བླ་མའི་རྣམ་ཐར། །ཧ་བརྒད་རྩེད་མོའི་གཏམ་མིན་གང་ནས་ཇི་ལྟར་བསམ་ཀྱང་། །ཨ་ཧོ་ངོ་མཚར་ཆེ་འདུག་སྤྱན་མིག་གྱེན་ལྟོས་སྐུ་མཁྱེན། །ཞེས་པ་འདི་ཡང་མཚན་ཉིད་པ་རྣམས་ལ་ཐུགས་དམ་དགེ་བསྐུལ་གྱི་གསལ་འདེབས་སུ་དྷརྨ་སཱ་རས་ཐུན་གསེང་དུ་གང་དྲན་བྲིས་ཏེ་ཕུལ་བ་དགེ། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།