ཕྱག་ཚྭ་ངེས་དོན་མཆོག་གི་སྤྲུལ་བའི་སྐུའི་ཉེ་གནས་དམ་པའི་ཐུགས་བཞེད་བཞིན་གནང་བའི་ཞལ་གདམས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:57:39     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

 མཁྱེན་རབ་དབང་ཕྱུག་འཇམ་དཔལ་རོལ་བའི་བློ། །མཐུ་སྟོབས་བདག་པོ་གསང་འཛིན་ལས་རབ་གླིང་། །སྙིང་རྗེའི་གཏེར་ཆེན་བློ་བཟང་དཔལ་ལྡན་རྗེ། །རིགས་གསུམ་རྣམ་རོལ་རྣམ་གསུམ་བླ་མའི་ཞབས། །སྤྱི་བོར་མཆོད་དེ་དམ་པའི་རྣམ་ཐར་ལ། །རྗེས་སུ་མོས་པའི་སྐལ་ལྡན་དེ་ཡིས་ནི། །དམ་པའི་སྤྱོད་ཚུལ་སྨྲོས་ཞེས་བསྐུལ་བའི་ངོར། །མི་ལྡོག་ཙམ་དུ་ཚིགས་བཅད་འགའ་འདྲི་སྟེ། །འོན་དེ་སྐྱེས་སྦྱངས་ཤེས་རབ་དམན་པ་དང་། །དམ་པའི་གསུང་སྒྲོས་རྣ་བའི་ཐོས་ན་ཡང་། །ཉམས་མྱོང་མེད་པའི་རང་རྒྱུད་སྐམ་པོ་འདིས། །ཅི་ཟེར་འདི་ཟེར་མེད་པ་སྡུག་རེ་ཆེ། །དེ་སླད་བདག་ལ་དམ་པ་ཁྱོད་དགྱེས་པའི། །ལེགས་པར་བཤད་པའི་མཆོད་པ་གཏན་མེད་ཀྱང་། །དྲི་བར་ལན་ལྡོན་མ་བྱས་མི་རུང་ཕྱིར། །ཉི་རིང་འཕུལ་བའི་གཏམ་འདིས་ཁྱོད་སྙན་གཙེ། །མགོ་གསེར་མདོ་སྔགས་སྟོན་པ་མི་གཅིག་ཅེས། །སྒྲོགས་ཀྱང་བརྟགས་ན་གསར་རྙིང་སུ་ཡིན་ཀྱང་། །ཟས་གཙང་སྲས་པོའི་རྗེས་འཇུག་བྱེད་དགོས་སྙམ། །ཐུབ་པའི་བསྟན་པའི་དབང་དུ་བྱས་ཏེ་གསོལ། །དེ་ལ་འཛམ་གླིང་རྒྱན་དྲུག་ཡ་གྱལ་ཆེ། །ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོ་ཡིས། །སྟོན་པའི་དམ་ཆོས་རྣམ་གཉིས་གསུངས་པ་དང་། །དེ་འཛིན་སྨྲ་དང་སྒྲུབ་པ་ཁོ་ན་ཞེས། །རྣམ་གཅོད་ཚིག་གིས་གསུངས་པའི་དོན་བཞིན་དུ། །རྒྱལ་བསྟན་ཉམས་ལེན་བྱེད་ཚུལ་སྟོན་པའི་ལུང་། །སྡེ་སྣོད་གསུམ་དང་དེ་བཞིན་ཉམས་ལེན་པ། །བསླབ་པ་གསུམ་ཡིན་དེ་ལས་གཞན་མེད་གསུངས། །ཐོག་མར་ཉེས་སྤྱོད་ལྡོག་ཐབས་སྟོན་པ་ཡི། །གཞུང་མཆོག་བསྟན་དང་སྟོན་པ་གཉིས་ལྡན་པ། །འདུལ་བ་ཡིན་ཞེས་མཁས་པ་རྣམས་གླེང་ན། །དེ་ལ་ཁྱེད་ཐུགས་སྤྲོ་བ་ཡོད་ལགས་སམ། །དེ་ནས་ལུས་ངག་ཙམ་དུ་མ་ཟད་པ། །གཡོ་བའི་རྣམ་རྟོག་རྟ་རྒོད་གཅུན་པའི་ཐབས། །སྟོན་པའི་སེམས་འདུལ་གདམས་པའི་རྒྱ་མཚོ་ནི། །མདོ་སྡེ་ཉིད་དེ་དེ་ལ་དགྱེས་སམ་ཅི། །དེ་སྟེང་འཁོར་བའི་རྩ་བ་འཁྲུལ་བའི་མུན། །སེལ་བྱེད་རང་སྤྱིའི་མཚན་ཉིད་འབུམ་དབྱེ་བའི། །རྣམ་འབྱེད་སྣང་བ་སྟེར་བ་མངོན་པ་སྟེ། །དེ་ལ་གྲོགས་ཁྱོད་དགྱེས་སམ་མི་དགྱེས་ལགས། །སྡེ་སྣོད་གསུམ་འདི་གདམས་ངག་ཡིན་ནོ་ཞེས། །བོན་པོས་བསྭོ་བཞིན་སྐད་གདངས་མཐོན་པོ་ཡིས། །སྒྲོགས་པ་ཇོ་འབྲོམ་བརྒྱུད་པར་བཅས་ལགས་ཏེ། །འདི་ལ་གདམས་ངག་ཡིན་པ་གོ་བ་དཀའ། །སྔགས་ཀྱི་གཞུང་ཀྱང་རྒྱ་གར་མཁས་པ་རྣམས། །སྡེ་སྣོད་གསུམ་གར་གཏོགས་དང་གསང་སྔགས་ནི། །མདོ་སྡེའི་ཚུལ་དུ་བཤད་ཅེས་མདོ་སྡེ་རུ། །བཞེད་ན་སྡེ་སྣོད་གསུམ་ལས་ལོགས་ན་མེད། །ཐར་བ་འདོད་ཕྱིན་ཐར་ལམ་སྟོན་པ་ལ། །འགྲན་ཟླ་མེད་པ་གོ་ཏམ་དེ་ཡིས་ནི། །ཐར་འདོད་བཙས་སུ་བཞག་པ་སྡེ་སྣོད་གསུམ། །ཡིན་ཕྱིར་གདམས་ངག་བཞེད་ན་དེ་ལ་མཛོད། །བླུན་པོ་ང་འདྲར་མ་ཟད་མཁས་རྣམས་ཀྱང་། །སངས་རྒྱས་གསུང་ལས་ལྷག་པ་འཆད་རྒྱུ་མེད། །ཡོད་ཀྱང་ཆོས་ལོག་ཉིད་དུ་དེས་འགྲུབ་པས། །ཆོས་ཤིག་མཛད་ན་སྡེ་སྣོད་གསུམ་བཞིན་མཛོད། །དང་པོ་ཐོས་པའི་སྒྲོན་མེ་མ་སྦར་ན། །ལམ་དང་ལམ་མིན་ཅི་ཡང་མི་མཐོང་ཞེས། །གསར་རྙིང་མཁས་གྲུབ་ཀུན་ཀྱང་ཞལ་མཐུན་ན། །སྡེ་སྣོད་ཐོས་བསམ་བྱས་ན་མི་ལེགས་སམ། །ཐོས་དོན་རྒྱུད་ལ་བསྐོར་ཏེ་སྒྲུབ་པ་ཡང་། །ལྷ་བསྙེན་སྔགས་བཟླ་འདག་སྦྱར་ལ་སོགས་ཙམ། །མིན་ཕྱིར་སྡེ་སྣོད་གསུམ་གྱིས་གང་བསྟན་པ། །བསླབ་གསུམ་ཉམས་སུ་ལེན་འདི་ཡིན་ལགས་ཏེ། །དང་པོ་རྒྱུ་དང་མི་རྒྱུའི་རྟེན་བྱེད་པ། །ས་ཆེན་འདི་བཞིན་ཡོན་ཏན་ཀུན་གྱི་རྟེན། །རྒྱལ་དང་རྒྱལ་སྲས་ཀུན་གྱིས་མགྲིན་གཅིག་ཏུ། །བསྔགས་པའི་ལེགས་བྱས་ཟད་མི་ཤེས་པའི་གཏེར། །ཚུལ་ཁྲིམས་ལགས་ཞེས་རྫོགས་པའི་སངས་རྒྱས་ནས། །ད་ལྟའི་བླ་མ་རྣམས་ལ་ཐུག་གི་བར། །གསུངས་པའི་ཆོས་ཀྱི་གཞི་མ་གལ་པོ་ཆེ། །འདི་ལ་ཡིན་ལ་ཡིན་ངོ་ཤེས་སམ་ལགས། །ཚུལ་ཁྲིམས་ལྡན་ལ་སྒོམ་ཡང་སྐྱེ་སླ་ཞེས། །འཕགས་བོད་མཁས་དང་གྲུབ་པ་རྣམས་བཞེད་མོད། །དེང་སང་ཚུལ་ལྡན་ཉན་ཐོས་གྲྭལ་འཛུད་ལ། །ཉན་ཐོས་འགོག་པ་རྨུགས་པར་འཐུམ་སྙམ་ཤིང་། །འོད་གསལ་སེམས་ཀྱི་རིག་ངོ་སྐྱོང་བའི་སྒོམ། །ཚེ་གཅིག་སངས་རྒྱས་སུ་ལ་ཡོད་ཟེར་ན། །རལ་བའི་ཁུར་དང་རྒན་མོའི་གདོས་ཐག་ཅན། །དེ་ཉིད་ཁོ་ནར་ཡོད་ཅེས་ཟེར་ན་ཡང་། །ཐུབ་པས་ཚུལ་ཁྲིམས་ཏིང་འཛིན་རྒྱུ་ཡིན་ཞེས། །བསླབ་གསུམ་རྒྱུ་འབྲས་ཉིད་དུ་གསུངས་པ་འདིས། །ཚུལ་ཁྲིམས་སྒོམ་གྱི་ཚོགས་སུ་ཤེས་མཛོད་ལ། །ཚུལ་ཁྲིམས་དག་པས་སྒོམ་ལ་བརྩོན་ན་ལེགས། །གང་ཞིག་བསྒོམ་པར་བྱ་བ་དེ་ཡང་ནི། །གསལ་ཙམ་རིག་ཙམ་ཤེས་པའི་མཚན་ཉིད་ཙམ། །མ་ཡིན་དགེ་བའི་དམིགས་པ་རེ་རེར་ཡང་། །དཔྱད་དང་འཇོག་པས་གོམས་པ་སྤེལ་བའི་ཚུལ། །སྒོམ་རིམ་གསུམ་དུ་དགག་སྒྲུབ་དུ་མ་ཡིས། །མཁས་པ་པདྨའི་ངང་ཚུལ་དེས་གསུངས་ཏེ། །དེང་སང་དེ་ལ་མགུ་བ་དཀོན་པས་ན། །ཁྱོད་སྙན་མི་གཙེ་སྨྲ་བ་བསྐྱུང་བ་ལེགས། །བསམ་གཏན་སེམས་ཀྱི་ལས་རུང་དེའི་སྟེང་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་བདག་མེད་དུ། །ལེགས་པར་སྒོམ་པའི་ཤེས་རབ་ཆོས་ཀྱི་བཅུད། །འདི་ཉིད་ཁོ་ནས་སྒྲུབ་པ་སྤོང་པའི་ཚུལ། །དང་པོ་བོད་འདིར་བོ་དྷི་ས་ཏྭས་གསུངས། །བར་དུ་བོད་འདིར་ཀ་མ་ཤཱི་ལས་བསྟན། །ཐ་མར་བོད་འདིར་ཨ་ཏི་ཤས་བཀྲལ་ན། །རྒྱ་གར་པཎ་ཆེན་ལུགས་ལ་དགྱེས་སམ་ཅི། །འཁོར་བའི་རྩ་བ་བདག་འཛིན་ཟེར་བའི་མུར། །བདག་མེད་སྒོམ་པ་མེད་འཛིན་ཡིན་པས་ན། །རེ་ཞིག་ཙམ་ལས་མཐའ་བྲལ་མིན་ནོ་ཞེས། །གསུངས་མཁན་མང་སྟེ་ལྟ་བའི་ཚུལ་འདི་དག། །ཚིག་ཙམ་མིན་པར་བློ་ངོ་ཤར་ཚོད་དེ། །གསང་སྔགས་སྔ་འགྱུར་མཁས་པ་སྔ་མ་༼པདྨའི་ལྟ་ཕྲེང་། རོང་ཟོམ་ཆེན་པོས་དེའི་འགྲེལ་བ་དང་། ཐེག་ཆེན་ཚུལ་འཇུག་གནུབས་ཆེན་གྱིས་མདོ་འགྲེལ་ཀཿཐོག་པ་ཆེན་པོའི་ཐེག་སྤྱི་དང་། དེའི་འགྲེལ་བ། ཀུན་མཁྱེན་སྔ་ཕྱིའི་གསུང་སོགས་ལ་ཞིབ་ཏུ་བལྟ་དགོས་འདུག། མཆན་ནོ། །༽ཡིས། །བཀྲལ་བའི་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི། །ངེས་དོན་ལྟ་བ་ཡིན་མིན་གདར་ཤ་ཆོད། །དོན་དམ་ངོས་ན་དོན་མེད་མཁའ་འདྲ་ཡང་། །ཀུན་རྫོབ་ཙམ་དུ་ཀུན་བྱང་ཀུན་འཐད་པའི། །བདེན་གཉིས་དབྱེར་མེད་འདི་འདྲ་སྔ་འགྱུར་གྱི། །མཁས་པའི་ཐུགས་བཅུད་ཡིན་སྙམ་འཆར་མོད་དེ། །ལྟ་བ་སྙིགས་མའི་དུས་འདིར་ལྟ་བ་ལ། །རང་གཞན་ཕལ་ཆེར་གཞན་ལུགས་རང་ལུགས་ཞེས། །བཤད་རྒྱུ་མང་ཡང་དོན་ལ་བཤད་ཚོད་ལྟར། །གནད་དུ་ཕོག་པ་དཀའ་བས་གནད་སྨིན་གཅེས། །དེ་ལྟར་སྡེ་སྣོད་གསུམ་དང་བསླབ་པ་གསུམ། །གདམས་ངག་མཆོག་དང་ཉམས་ལེན་མཆོག་ཉིད་དུ། །གྲུབ་པ་མེད་ན་དྲང་པོར་གསོལ་འདིར་དཔྱོད། །ཡོད་ན་རྗེས་སུ་ཡི་རངས་འབུལ་བ་ལགས། །རང་སེམས་ཉོན་མོངས་དབང་དུ་སོང་གྱུར་ཏེ། །ཆགས་སྡང་རྟོག་པས་ལས་ངན་མཚོ་བརྡོལ་བས། །འདི་ཕྱི་ཀུན་ཏུ་མི་བདེའི་སྡུག་བསྔལ་བརྒྱ། །འདྲེན་པ་ནང་པ་ཀུན་གྱི་ལུགས་ཡིན་ན། །དང་པོ་ཉོན་མོངས་ཚུལ་ཁྲིམས་ཀྱིས་སུན་ཕྱུང་། །བར་དུ་ཉོན་མོངས་ཏིང་འཛིན་གྱིས་འགོ་མནན། །ཐ་མལ་ཉོན་མོངས་ཤེས་རབ་ཀྱིས་སྤངས་ཏེ། །བསླབ་གསུམ་ཉོན་མོངས་དགྲ་གཅིག་འདུལ་ཐབས་ལགས། །དེས་ན་བསླབ་པ་གསུམ་པོ་འདི་ལས་ལྷག། །རང་རྒྱུད་འདུལ་བའི་ཉམས་ལེན་ཡོད་སྙམ་ན། །དགའ་རབ་བྱེད་པས་བསྟན་དང་ཕྱེས་ཟིན་པས། །བསླབ་པ་གསུམ་ལ་ནན་ཏན་ཅིས་ཀྱང་ཞུ། །ཐེག་པ་ཆེ་དང་གསང་སྔགས་ལུགས་ཀྱི་ཡང་། །སྡོམ་པ་གཉིས་ནི་ཚུལ་ཁྲིམས་བསླབ་པ་སྟེ། །སེམས་བསྐྱེད་བསྐྱེད་རྫོགས་ཏིང་འཛིན་ཐུན་མོང་མིན། །འོད་གསལ་རྟོགས་པ་ཟབ་མོའ་ཤི ེས་རབ་ལགས། །དེ་སླད་སྡེ་སྣོད་གསུམ་དང་བསླབ་གསུམ་འདིས། །ཐུབ་བསྟན་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཆེ། །མཐའ་དག་བསྡུས་པའི་ཚུལ་འདི་དགོངས་མཛོད་ལ། །སངས་རྒྱས་བསྟན་ལ་ཅི་ནུས་གོམས་པར་མཛོད། །མདོར་ན་མི་ལུས་ལན་གཅིག་ཐོབ་དུས་འདིར། །དོན་མེད་རྣམ་གཡེང་མལ་དུ་གཉིད་ལོག་ནས། །དོན་ཆེན་དགེ་བའི་ལས་ཀ་ཤོར་བཅུག་སྟེ། །རྒྱུས་མེད་ས་ཚིགས་ལག་སྟོང་གཅོད་དགོས་ན། །ཅིར་འགྱུར་ཡང་ནས་ཡང་དུ་དཔྱོད་མཛོད་ལ། །བླ་མ་ཕ་མ་ཉེ་དུ་གྲོགས་མཆེད་སོགས། །ཉིན་རེ་བཞིན་དུ་གཅིག་འཆི་གཉིས་འཆིའི་རྗེས། །ད་ནི་ཡུན་རིང་མི་སྡོད་འགྲོ་དགོས་པས། །བསམ་རྒྱུ་མ་མང་བསམ་ཚད་ཕྱི་མ་སོམས། །བྱེད་རྒྱུ་མ་མང་བྱས་ཚད་དམ་ཆོས་གྱིས། །འཆི་བདག་དོ་དགུང་ཙམ་དུ་ཐོག་དབབ་ཏུ། །སླེབ་ཀྱང་འགྱོད་པ་མེད་པ་བྱ་རན་འདུག། །དེ་སྐད་ཞུས་འདི་རང་ལ་མེད་བཞིན་དུ། །དམ་པ་ཁྱེད་ལ་བསྐུལ་བ་ངོ་ཚ་སྟེ། །འོན་ཀྱང་ཁྱེད་ཐུགས་དགྱེས་སླད་རྣ་ཐོས་ཙམ། །མི་ཚང་མགུ་ཕྱིར་འདྲེ་དཀར་ཚུལ་དུ་བསྒྲགས། །དེ་ལ་དགེ་བ་ཅུང་ཟད་ཡོད་སྲིད་ན། །དུས་ཀྱི་མཐའ་འདིར་ཐུབ་བསྟན་རིན་པོ་ཆེ། །རང་གཞན་ཀུན་གྱི་རྒྱུད་ལ་རྒྱས་གྱུར་ཏེ། །འདི་ཕྱིའི་ལམ་སྣ་ཟིན་པའི་རྒྱུ་རུ་བསྔོ། །པད་བསམ་ཞེས་བྱ་དམ་པའི་སྤྱན་སྔ་བ། །གང་དེས་དར་བཅས་ཚིག་གི་སྐྱེས་གནང་སྟེ། །ཆོས་གཏམ་མ་ཎི་སྒྲོགས་ཞེས་བསྐུལ་བའི་མོད། །ནེ་ཙོ་དེ་ཡིས་དེ་སྐད་ཐལ་ལོ་ཀྱེ། །ཞེས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་གདུགས་དཀར་འདེགས་པའི་སྐྱེས་མཆོག་རིན་པོ་ཆེ་ཕྱག་ཚྭ་ངེས་དོན་མཆོག་གི་སྤྲུལ་བའི་སྐུའི་ཉེ་གནས་དམ་པའི་ཐུགས་བཞེད་མི་ལྡོག་ཙམ་དུ། རང་ཉིད་ཇི་ལྟར་གྱུར་ཅུང་ཟད་ཙམ་ཡང་མི་ཤེས་བཞིན་དུ་གཞན་ལ་ཆོས་འཆད་པར་རློམ་པའི་མདོ་མེད་ཁྲེལ་འདས༧དྷརྨ་སཱ་ར་ཞེས་བྱ་བས་བསྒྲིགས་ཏེ་སྤྱན་ལམ་དུ་གུས་པས་ཕུལ་བ་ལ་དགོངས་ཁྲེལ་མེད་པར་ཞུ།། །།

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།