གཞོན་ནུ་མྱུ་གུ་ལ་གདམས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:48:53     རྩོམ་པ་པོ།   སྙནདགོན་སྤྲུལ་སྐུ།     ཀློག་ཐེངས།  

ན་མཿ དྷཱིཿ ད་ལྟ་དལ་འབྱོར་ལུས་རྟེན་བཟང་པོ་ཐོབ། །མཚན་ལྡན་དགེ་བའི་བཤེས་ཀྱི་རྗེས་སུ་བཟུང་། །དྲི་མེད་ལུང་རྟོགས་བསྟན་དང་མཇལ་བའི་དུས། །རང་དོན་ཡལ་བར་འདོར་ན་སྨྱོན་པ་དངོས། །གཉེན་བཤེས་རྩ་ལག་བར་སྐབས་རེ་ཡི་གྲོགས། །ནོར་རྫས་ལོངས་སྤྱོད་ལོ་འགའི་བསླུ་བྲིད་ཙམ། །ཞེ་ཕུག་གཏན་དུ་གཏོད་པའི་རྟག་འཛིན་ཅན། །དེ་འདྲ་དེ་ལ་སེམས་ཤིག་ཡོད་རེ་སྐན། །དལ་འབྱོར་རྟེན་བཟང་སྒྱུ་མའི་རྟ་གླང་འདིས། །ད་ལྟ་ཉིད་ནས་ཆོས་ཀྱིས་ཚོང་བརྡལ་ན། །ཕྱི་མའི་བདེ་སྐྱིད་རིན་ཆེན་ལོན་འགྱུར་གྱི། །ད་ལྟ་རྣམ་གཡེང་དབང་དུ་ཅིའི་ཕྱིར་གཏོང་། །གལ་སྲིད་བདག་འཛིན་གདོན་གྱིས་བཤོལ་གྱུར་ན། །འཆི་བདག་སྒྱུ་མ་མཁན་པོའི་རིགས་སྔགས་ཀྱིས། །ལྔ་ཕུང་འཚོགས་པ་སོ་སོར་གྱེས་པའི་ཚེ། །རང་དོན་སྟོར་ན་དེ་ཚེ་ཅི་ཞིག་བྱེད། །ད་ལྟ་ནད་སོགས་འགལ་རྐྱེན་བྲལ་དུས་འདིར། །དམ་པའི་ཆོས་ལ་ནན་ཏན་མ་བྱས་ན། །ད་གདོད་འཆིའམ་མི་འཆིར་དོགས་པ་མེད། །འཆི་བ་འཇིགས་ཀྱང་འཇིགས་པ་ཕྱི་ནས་འགྱོད། །ད་ལྟ་དཀོན་མཆོག་སྐྱབས་སུ་མ་བཟུང་ན། །འཆི་བ་ཐོན་དུས་སྐྱབས་བཟང་མི་དྲན་ཞིང་། །དྲན་ཀྱང་འབྲེལ་བ་མེད་པས་འཕགས་པའི་ཚོགས། །ཐུགས་ལས་ཆུང་ངུར་གྱུར་ན་སུ་ལ་འབོད། །ཀྱེ་མ་མ་འོངས་འཆི་བ་འཇིགས་སྐྲག་ཆེ། །ད་ལྟའི་སེམས་འདི་རྣམ་གཡེང་རླུང་གིས་འཁྱེར། །འདས་པའི་ལས་ངན་འབྲས་བུ་སྨིན་མ་རག །བདག་དང་བདག་འདྲའི་ཚུལ་འདིའི་ཡིད་རེ་སྐྱོ། །ཀྱེ་ཧུད་ལེགས་པར་དཔྱོད་དང་མྱུ་གུ་ཁྱོད། །དེ་རིང་ཉིད་ནས་འབད་པ་དྲག་པོ་ཡིས། །རང་དྲིན་རང་ལ་ཆེ་བར་མི་བྱེད་པར། །ཚེ་འདིར་སེམས་ན་དངོས་སུ་བདུད་ཀྱིས་བསླུས། །ད་ལྟ་ཉིད་དུའང་མི་འཆིའི་གདེངས་མེད་ཅིང་། །གལ་སྲིད་ཚེ་མཐར་སོན་པའི་དབང་བྱས་ཀྱང་། །ལོ་གྲངས་ལྔ་བཅུ་ཙམ་ལས་མེད་པས་ན། །དེ་སྲིད་སྤྲང་ཡང་མི་འཆི་ཙམ་ལོས་འོང་། །ཕྱི་མའི་འཕྲང་རིང་ངེས་པར་འགྲིམ་དགོས་ཤིང་། །ཕྱི་མའི་སེམས་རྒྱུན་ཆད་དུས་མེད་པས་ན། །དེ་ཚེ་ཕན་པའི་ཆོས་ཞིག་མི་སྒྲུབ་པར། །དེ་ལས་གཞན་པའི་དོན་ཆེན་ཅི་ཞིག་སྒྲུབ། །ཚེ་འདི་རིང་པོར་ཡོད་དམ་མེད་པ་ངེས། །མེད་ལས་ཆེ་བ་གྲོགས་ཀྱིས་སྐྱེ་འཆིས་ཤེས། །ཕྱི་མ་ངེས་པར་ཡོད་ལ་ཟད་པའི་དུས། །མེད་པ་རང་གི་སེམས་གྱི་རྒྱུན་འདིས་ཤེས། །ཀྱེ་མ་ཀྱེ་ཧུད་ལོ་ངོ་ཉེར་གཅིག་པར། །མྱུ་གུས་ཕྱི་མའི་འདུན་མ་ཆེར་མ་བྱས། །ཐོས་བསམ་བྱས་ལོ་དེ་ཡང་ཚིག་ཙམ་དུ། །སོང་བའི་རང་མཚངས་འདི་ལ་ཞེ་རེ་འགྱོད། །དེ་རིང་ནམ་མཁར་མཛེས་པའི་ཉིན་བྱེད་དང་། །ད་ལྟ་སྤྲུལ་མིང་ཐོག་པའི་མྱུ་གུ་གཉིས། །དོ་དགོང་མཉམ་དུ་ཕ་རོལ་སོང་གྱུར་ན། །གཅེས་དགུའི་གཉེན་བཤེས་སུ་ཡི་དམ་དུའཛིན། །དེ་ནས་མ་དག་ཞིང་གཞན་འགྲོ་བ་ལ། །ཕ་མར་འདུ་ཤེས་ད་ལྟའི་གཅེས་དགུའི་གྲོགས། །ཡིད་ཡུལ་ཙམ་དུའང་དྲན་པ་མི་སྲིད་ན། །སེམས་ཅན་སུ་ལ་ཉེ་རིང་ཆགས་སྡང་བྱེད། །སྐྱེ་བ་འདི་སྔོན་གང་དུ་སྐྱེས་པའི་གནས། །གྲོགས་དང་ལོངས་སྤྱོད་འབྲལ་མི་ཕོད་པ་ཀུན། །ད་ལྟ་དྲན་པ་ཙམ་ཡང་མི་སྲིད་བཞིན། །འདི་ནས་གཞན་དུ་འགྲོ་ན་སུ་ལ་ཆགས། །དགྲ་གཉེན་སྤུ་རིས་འབྱེད་པའི་ཆགས་སྡང་བློ། །བསམ་ཤིང་བསམ་ན་སྐྱེ་བའི་གནས་མེད་དེ། །འཁྲུལ་བ་ཨ་འཐས་ཅན་གྱི་མྱུ་གུ་ཁྱོད། །ད་ནི་འཁྲུལ་བའི་དབང་དུ་བཏང་ཏེ་ཤི། མཐོ་དམན་ཁྱད་པར་འདི་ཡང་འཁྲུལ་བ་སྟེ། །མཐོན་པོའི་ལན་གྱིས་འཆི་བདག་མི་བྱམས་ཤིང་། །རྒྱུ་འབྲས་ལོག་པ་ནམ་ཡང་མི་སྲིད་པས། །མཆི་མས་བརྣངས་བཞིན་འཆི་ན་མཐོན་པོ་གང་། །སྙན་དང་མི་སྙན་འདི་ཡང་འཁྲུལ་བ་སྟེ། །སྙན་པ་ས་གསུམ་རྣ་བར་བཀོད་ནའང་། །འཆི་བདག་རྒྱལ་པོའི་རྣ་བར་མི་འཇེབས་པས། །ཁྲོས་བཞིན་སྲོག་དབུག་ལེན་ན་སྙན་པས་ཅི། །བདེ་དང་མི་བདེ་འདི་ཡང་འཁྲུལ་བ་སྟེ། །ལྷ་མིའི་འདོད་ཡོན་གཅིག་ཏུ་མྱོང་ནའང་། །ངན་སོང་སྡུག་བསྔལ་བརྒྱུད་མར་ངེས་བསྐྱེད་ན། །དེ་ལ་བློ་ལྡན་སུ་ཞིག་བདེ་བར་རྩི། །རྙེད་དང་མི་རྙེད་འདི་ཡང་འཁྲུལ་བ་སྟེ། །འཛམ་གླིང་ནོར་གྱིས་བཀང་བའི་རྙེད་ཐོབ་ཀྱང་། །བལྟ་དབང་ཙམ་ཀྱང་མེད་པར་འཆི་དགོས་ན། །རྙེད་པའི་ཅི་བྱེད་བསོད་ནམས་ཟད་པའི་རྐྱེན། །འཁྲུལ་མེད་དོན་ཀུན་གཟིགས་པའི་ཐུབ་དབང་གིས། །འཁྲུལ་བའི་འཁོར་ལོ་འཇིག་རྟེན་ཆོས་བརྒྱད་པོ། །མགོ་སྙོམས་མཛོད་ཅེས་གསུངས་པའི་བདེན་ཚིག་གིས། །འཇིག་རྟེན་བདེ་ལེགས་བྱས་པ་མི་དྲན་ནམ། །ཚེ་འདིའི་བདེ་སྐྱིད་བདེ་སྐྱིད་མ་ཡིན་ཏེ། །ཕྱི་མ་ཉམ་ངའི་གནས་སུ་མི་བཟོད་པའི། །སྡུག་བསྔལ་ཚབ་ཆེན་བསྐྱེད་པའི་རྒྱུ་ཡིན་ན། །ཚེ་འདིའི་བདེ་བ་སེམས་ན་མྱུ་གུ་སྨྱོས། །ཁུ་ཁྲག་སྨིན་པའི་ཤ་རུས་གོང་བུ་དང་། །ལྷན་ཅིག་འཚོགས་པའི་རྣམ་པར་ཤེས་པ་དག། །དབུགས་ཀྱི་རྒྱུ་བ་ཕྲ་མོ་འདི་ལས་གཞན། །སྦྲེལ་བྱེད་མེད་ན་ཅིའི་ཕྱིར་རྟག་པར་འཛིན། །རུས་གོང་དུར་ཁྲོད་གནས་འདབ་ལ་ལྷུང་ཞིང་། །ས་གཞིར་ཁྲག་གི་ཐིག་ལེ་བྲིས་གྱུར་ཏེ། །སྐྲ་ཡི་རྐུད་པས་ཕྱོགས་རྣམས་སྦྲེལ་བ་ཡི། །མྱུ་གུ་དེ་འདྲར་གྱུར་པ་ནམ་ཞིག་འོང་། །ཆར་སྤྲིན་འཁྲིགས་འདྲའི་དུ་བ་འཁྱིལ་བའི་ཁྲོད། །རབ་འབར་མེ་ལྕེ་ཕྱོགས་བཅུར་འཕྲོ་བའི་དབུས། །རྡོ་ཡི་གདན་ལ་མི་གཡོར་རོལ་པ་ཡི། །མྱུ་གུ་འདས་པའི་གནས་སྐབས་ནམ་ཞིག་ཡིན། །དེ་ཚེ་གཅིག་པུར་རྒྱུ་བའི་ཡིད་ཀྱི་ལུས། །དཀར་ནག་འདུ་བྱེད་རླུང་གིས་དེད་པ་ཡིས། །རང་དབང་མེད་པར་འཁྱམས་པའི་དུས་དེ་ན། །སྤྲུལ་མིང་སྒྱུ་མའི་མྱུ་གུ་གང་དུ་སོང་། །འཛུམ་པའི་བཞིན་གྱིས་བསུ་བའི་སྒྱུ་མའི་གྲོགས། །སྙིང་གི་ཟེའུ་འབྲུ་རྣམས་དང་ནམ་ཞིག་ན། །ལྷན་ཅིག་སྤྱོད་པ་བལྟ་བའི་བཞིན་རས་ཙམ། །མཐོང་བའི་སྐབས་ཀྱང་མེད་ན་དེས་ཅི་བྱེད། །ཚེ་གང་བསགས་པའི་རིན་ཐང་ཅན་གྱི་ནོར། །མྱ་ངམ་ཐང་དུ་དགྲ་ཡིས་འཕྲོགས་པ་བཞིན། །གཅིག་ཀྱང་མེད་པར་ལག་སྟོང་ཡིན་ཀྱང་ན། །བྱེ་མའི་མཁར་འདྲའི་དོན་མེད་ག་ལ་བྱེད། །སྙིང་དུ་སྡུག་པའི་ཨ་མ་རྒན་མོ་དང་། །ཨ་མའི་སྦྱིན་པའི་སྒྱུ་ལུས་གཡར་པོ་ལའང་། །ལྷན་ཅིག་འགྲོགས་དང་སྤྱོད་པའི་དབང་མེད་ན། །ད་ནི་གྲོགས་དང་ལོངས་སྤྱོད་གང་བདེར་ཞོག། །མྱུ་གུ་འཆི་ཚེ་དགའ་བ་བསྐྱེད་པའི་གཞི། །དམ་པའི་ཆོས་དང་ཆོས་ཀྱི་ནང་ནས་ཀྱང་། །ཁས་བླང་ཚུལ་ཁྲིམས་དག་པའི་ཐེམ་སྐས་ཏེ། །ཆོས་ལྡན་མངོན་མཐོར་བསྐྱེད་པའི་འཇུག་ངོགས་ཡིན། །དེ་ཚེ་མྱུ་གུས་དགེ་བ་གོམས་པ་ཡི། །ཤེས་རྒྱུད་ཆོས་ཀྱི་བག་ཆགས་ཀྱིས་མཛེས་ན། །གཞོན་ནུ་ཉིད་ནས་དམ་པའི་རྗེས་བཟུང་སྟེ། །ཆོས་ཀྱི་དཔལ་ལ་བདེ་བླག་འཇུག་པར་འགྱུར། །དེ་ལྟ་ལགས་ན་གཞོན་ནུ་མྱུ་གུ་ཁྱོད། །མངོན་མཐོའི་ཁང་བཟང་གཅིག་ནས་གཅིག་བརྒྱུད་དེ། །ཐར་བའི་གླིང་དུ་ཡུན་རིང་མི་འགྱངས་བར། །སླེབ་པར་འགྱུར་ན་དེ་ལས་སྐྱིད་ཅི་ཡོད། །དེ་དག་ཀུན་གྱི་རྩ་བ་ད་ལྟ་འདིར། །བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་གཞི་བྱས་ལ། །ལྷོད་པ་མེད་པར་བགྱིད་ལ་རག་ལས་ན། །རང་དོན་ཚུད་པར་གྱིས་ཤིག་མྱུ་གུ་ཀྱེ། །འདི་ནི་སྲས་བཅས་རྒྱལ་ཀུན་ཞལ་མཐུན་པར། །ཁྱོད་ལ་ལུང་དུ་བསྟན་པའི་དོན་ཡིན་གྱི། །ན་ཆུང་གདོན་གྱིས་བཏབ་པའི་བན་རྒོད་རེས། །ཁ་ལ་གང་བྱུང་ཙམ་དང་འདྲ་རེ་སྐན། །ས་མ་ཡ་ཨྠི།།

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།