ཨོར་ཆེ་འཇམ་དཔལ་ལ་གདམས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:41:50     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

བླ་མ་མཁྱེན། ང་ལྟ་བུ་ཞལ་གདམས་མི་ལ་འཆད་མཁན་དང་། ཁྱོད་ལྟ་བུ་ཞལ་གདམས་གྲོག་གེར་ཉན་མཁན་ཨེ་ཡིན་ན། ང་ནི་མདང་ད་ནངས་སོས་དལ་དུ་བསྡད་ནས་མཛུབ་མོ་གདོང་ལ་བཙུགས་ཏེ་རང་ཇི་ལྟ་བུར་སོང་བལྟས་པ་ན།ཤེས་རྒྱུད་ནི་གྱོང་། ཕྱི་མ་ནི་མ་དྲན། ཚུལ་ཁྲིམས་ནི་ཁ་རལ་སྣ་རལ་དུ་སོང་བའི་སྟེང་དུ་ཤི་གསོན་གྱི་དཀོར་མང་པོ་ཞིག་ལ་འབག་ཅིང་ད་དུང་བསྟན་དོན་དུ་རློམ་ནས་རང་གཞན་གྱི་ཕྱོགས་རིས་བྱས་ཏེ་ཆགས་སྡང་གི་ངང་ན་ཡོད་པ་འདི་ཅུང་ཟད་མཐོང་བས། དེ་རིང་སང་ཞིག་ཤི་ན་རྐན་གཟར་དུ་རྡོ་བསྒྲིལ་བ་བཞིན་ངན་སོང་དུ་འགྲོ་བར་ཐག་ཆོད་པས་ཁྱོད་ལ་ཅི་ཞིག་གདམས། ཀྱེ་མ་ཀྱེ་ཧུད། ཁྱོད་ནི་བླ་མ་སྤྲུལ་བའི་སྐུར་སྒྲོ་བཏགས་ཀྱང་བཏགས་པ་ལྟར་གྱི་སྐབས་སུ་བབས་པའི་ལས་དོན་གཅིག་ཙམ་མི་སྒྲུབ་པར་མ་བབས་པའི་མི་བཟང་སྐུ་དྲག་གི་ལད་མོ། ཁ་མཁས་དང་ལྕེ་བདེ། ཤེས་ཅན་དང་དཔྱོད་ལྡན་འཁྲབ་ནས། རང་མགུ་རང་ཚིམ་དུ་སོང་ནས། ཡ་རབས་རྣམས་དགའ་བའི་བཀའ་སྡེ་སྣོད་ཀྱི་བཤད་པ། ཆོས་འདུལ་བའི་ལག་ལེན། ཕྱི་མའི་ལམ་རྒྱགས། ཚེ་འདིའི་མཛེས་རྒྱན། རང་གིས་བསམ་ན་ཞེ་འཚང་བ། རོག་གིས་མཐོང་ན་ཐལ་མོ་སྦྱོར་བའི་སྐྱེས་བུ་དམ་པའི་རྣམ་ཐར་དེ་རོ་གོས་ལམ་ཞབས་སུ་བསྐྱུར་བ་ལྟར་ཕར་དོར་ནས། གཅིག་ཏུ་མ་རབས་རྣམས་དགའ་ཞིང་དང་དུ་ལེན་པའི་རྟ་ཡི་མགྱོགས་དལ། མཚོན་གྱི་གཟི་འབབ། བྲེ་རྒྱའི་ཆེ་ཆུང་། ཚོང་གི་ཁེ་སྐྱེད། ཁ་མཆུའི་རྒྱལ་ཕམ་ཁོ་ན་གླེང་སྟེ། གཅིག་ཏུ་དལ་འབྱོར་རིན་པོ་ཆེ། གཉིས་སུ་སྤྲུལ་སྐུའི་མིང་གོ་ས། གསུམ་དུ་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཆུད་ཟོས་སུ་བཏང་ནས་ལོ་ན་ཚོད་འདི་ཉི་མ་རེ་རེས་འཛད་ཅི་ཐུབ་བྱས་ཏེ། ཧ་ཧ་དང་ཧོ་ཧོའི་ངང་ན་ཡོད་ན་ཞལ་གདམས་ཀྱིས་ཅི་བྱེད། ཨོ་ཧ་བོ། བླ་རྒན་ངའི་ཁ་གཙེས་ཏེ་ཞལ་གདམས་དགོས་ཅིའི་ཕྱིར་ཟེར། ཕྱི་རོལ་བ་འདོད་ཆགས་ཅན་གྱིས་བུད་མེད་ལ་སྙན་དངགས་ཀྱི་ཚིགས་སུ་བཅད་པས་སྒྲོ་བཏགས་ཀྱི་བསྟོད་ར་ལྟར་ཉམས་དགའ་དགའི་བསྟོད་ར་འདྲ་ཨེ་འོང་བསམ་པ་ཡིན་ན། ཁྱོད་ལུས་ཀྱི་དབང་དུ་བཏང་ན། གཅིན་སྐྱག་རྐྱལ་བ་གང་ལ་རུས་པའི་འཕྲུལ་འཁོར་གྱི་ལྷུ་ཚིགས་རྒྱུས་པས་སྦྲེལ་ཏེ་ཤ་ཁྲག་གི་འདམ་གྱིས་ཞལ་བས་གཡོགས་ནས་གོ་ལྤགས་ཀྱིས་བཏུམ་པ་ཞིག་ཏུ་མཐོང་བས་ངས་བསྟོད་མི་ཤེས། སེམས་ཀྱི་དབང་དུ་བཏང་ན་རྣམ་གཡེང་གི་རླུང་དམར་ཚན་པོ་ཆེས་ཆགས་སྡང་གི་རྡུལ་མང་པོ་གཙུབ་ནས། ཐོས་བསམ་ཤེས་རབ་ཀྱི་སྒྲོན་མེའི་འོད་སྣང་ཆེན་པོ་ག་ལ་ཡོད་དེ། བསྡུས་སིད་ཀྱི་ཁྱབ་སྐོར་འགའ་རེའི་དཀར་མེ་ཆུང་ངུ་ཞིག་གནའ་ཞིག་སྦར་བ་ནག་ཐིབས་ཀྱིས་བསད་དེ། རང་གཞན་གཉིས་ཀྱི་ཁ་མིག་ཉེས་སྤྱོད་རྡོག་ཞབས་ཀྱི་རྡུལ་གྱིས་བཀང་ནས་ཡོད་པ་ལ་ངས་ཅི་བསྟོད། གལ་སྲིད་མི་སྲིད་སྲིད་པའི་ཚུལ་གྱིས་ཁྱི་རྒན་སྨྱོན་པའི་སེམས་ཀྱིས་རང་ངོ་རེ་ཟིན་པ་ཡིན་སྲིད་ན། བཀའ་སྡེ་སྣོད་གསུམ་པོ་དེ་ཞལ་གདམས་ཡིན། རྫོགས་པའི་སངས་རྒྱས་ཀྱི་ཞལ་གདམས་ཡིན། དེ་ལ་མིག་གིས་བལྟོས་དང་མཐོང་བའི་དུག་མེད། དེ་ལ་རྣ་བས་ཉོན་དང་ཐོས་པའི་དུག་མེད། ཨ་ལ་དེ་ཚོ་རྩེད་མོ་ཡང་ཡིན། ངོ་མ་ཡང་ཡིན། ཁྱོད་རང་ན་ཚོད་ནི་གཞོན། ནད་ནི་མེད། ཡོན་ཏན་རེ་འགོས་ན་མི་མཁོ་རྒྱུ་ཅང་ཨེ་ཡོད་ན། འཆི་ནི་དགོས། ནམ་འཆི་བ་ལ་ཆ་བཞག་ནི་མེད། འཆི་ཚེ་ཕན་པ་ཆོས་ཡིན་པས། ཆོས་རེ་འགྲུབ་ན་མི་མཁོ་རྒྱུ་ཅང་ཨེ་ཡོད་ན། ཨོར་ཆེ་འཇམ་དཔལ་ལོ་ལོ་ལགས། ལོ་བརྒྱའི་སྡོད་ཤོམ་མ་བྱེད་པར། །ནད་མེད་ན་ཚོད་གཞོན་དུས་འདིར། །ཆོས་ཤིག་ཨེ་འགྲུབ་དགོས་སོ་ལོ། །ལུས་སེམས་བྲལ་བའི་ཕྱི་མའི་ལམ། །མགྱོགས་ཀྱང་རྟ་ཡིས་མི་ཆོད་པས། །རྟ་ལ་བློ་རྩེ་མ་གཏད་པར། །ཆོས་ལ་བློ་སྣ་ཁུག་ཅིག་ཨང་། །སྡུག་བསྔལ་འཁོར་བའི་ལམ་པོ་ཆེ། །མདའ་མཚོན་གཟི་ཡིས་མི་ཕོག་པས། །མཚོན་ལ་བློ་རྩེ་མ་གཏད་པར། །ཆོས་ལ་བློ་སྣ་ཁུག་ཅིག་ཨང་། །བདེ་བ་རང་གི་ཉོ་བ་དང་། །སྡུག་བསྔལ་གཞན་ལ་བཙོང་དཀའ་བས། །ཚོང་ལ་བློ་རྩེ་མ་གཏད་པར། །ཆོས་ལ་བློ་སྣ་ཁུག་ཅིག་ཨང་། །ཚེ་འདིའི་སྐྱོན་དང་ཡོན་ཏན་དང་། །ཕྱི་མའི་བདེ་དང་སྡུག་བསྔལ་སོགས། །རིགས་པའི་འཕྲུལ་གྱིས་བསྒྱུར་བ་དང་། །ཁ་ལྕེ་བདེ་བས་བཅོས་དཀའ་བས། །དྲང་སྲོང་ཆེན་པོ་སངས་རྒྱས་ཀྱིས། །དྲང་པོའི་ལམ་ནས་གོ་འཕང་མཆོག། །མངོན་དུ་བྱས་ཏེ་ཐུགས་དྲང་པོས། །དྲང་པོའི་གཏམ་གྱིས་དྲང་སྲོང་ལམ། །རང་རེའི་སྐལ་བར་གནང་བ་བཞིན། །དྲང་པོའི་ལམ་ལ་ཞུགས་ནས་ནི། །མི་དྲག་རྟ་མགྱོགས་མ་འཁྲབ་པར། །བློ་རྩེ་གཏད་ས་མ་ནོར་དགོས། །སྐུ་ཚེ་རིང་མཛོད་སྐུ་འཇམ་པ། །ལོ་བརྒྱ་ཐུབ་མཛོད་གཅེས་ལོ་བོ། །མ་རབས་རྣམས་ལ་མ་བལྟ་བར། །ཡ་རབས་སྤྱོད་ལ་ཡར་ལྟོས་མཛོད། །ད་མདོར་དྲིལ་ན་བློ་རྩེ་གཏད་ས་དེ་མ་ནོར། འདི་ཕྱི་ཀུན་ཏུ་འཚང་ངེས་པའི་ཐབས་ཏེ་གང་ཡིན་ལྟོས་ལ་དེ་ལ་བློ་རྩེ་གཏོད། ཚེ་འདིར་ཡང་མིས་འཕྱ་ཞིང་། རང་སེམས་ཁྲེལ་བའི་རྒྱུ་ཡིན་ལ། ཕྱི་མར་ཡང་སྡུག་བསྔལ་གྱི་རྒྱུར་འགྲོ་བའི་བྱ་བྱེད་ངན་པ་དེ་ལ་བློ་རྩེ་མ་གཏད། ལོ་བརྒྱ་ཚེ་རིང་། 

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།