བླ་རྒན་བློ་བཟང་ལ་མདོ་སྔགས་ཀྱིས་གང་དྲན་ལྷུག་པར་བསམ་པ་བཟང་པོས་གསལ་འདེབས་སུ་བྱས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:38:03     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

དབུ་མཛད་ལགས། ཁོ་བོ་དེང་སང་བློ་ཁ་ནང་དུ་བསྐོར་ཚེ་རང་ཉིད་གར་འགྲོ་གཏོལ་མེད་པས་གཞན་ལ་གདམ་མཁན་གྱི་ཤག་པོ་གཏན་ནས་མིན་འདུག་པས་སྨྲ་བ་བསྐྱུང་བ་ལས་སུ་བྱ་བའི་གཙོ་བོར་བྱེད་དགོས་འདུག་མོད། ཁྱོད་གཅིག་ཏུ་ད་ལྟ་བྱེད་སྤྱོད་ཡར་དགའ་ལྟར་སྣང་བ་དང་། གཉིས་སུ་བག་མེད་པ་ལ་རིགས་མི་སྟོན། ཞེས་པའི་བསླབ་བྱ་དང་འགལ་གྱིས་དོགས་ནས་ཚིག་གསུམ་ཞུ་ན། ད་སྔ་ཁོ་བོས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་དང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚིག་རྩ་རྣམས་རྩ་བར་བཟུང་སྟེ་མགྲིན་པ་འགགས་འགགས་སུ་བཤད་པ་དེ་ལས་གཞན་མེད། འུ་ཅག་ཤི་དགོས། ནམ་འཆི་མི་ཤེས། ཤི་ཚེ་ཐམས་ཅད་ཐམས་ཅད་བསྐྱུར་ནས་འགྲོ་བའི་ཆོས་ཤིག་མིན་པ་གང་གིས་ཀྱང་མི་ཕན། ཆོས་དེ་ལ་གོང་དུ་དྲངས་པ་ལྟར་གཉིས་ཡོད། གཉིས་པོ་འཛིན་ལུགས་ཀྱང་བཤད་པ་བྱེད་པ་དང་། དེའི་དོན་སེམས་རྒྱུད་ལ་བསྐོར་ཏེ་སྒྲུབ་པ་བྱེད་པ་གཉིས་ཡིན། འཛིན་ལུགས་གཉིས་པོ་དེ་ལས་གཞན་པའི་གར་འཆམ་དབྱངས་རོལ། འུར་འུར་ཟང་ཟིང་གིས་རྒྱལ་བསྟན་ལ་བྱ་བ་བྱེད་པ་ཁོ་ནའི་རྣམ་གཅོད་ཀྱིས་བཅད་ནས། ལོ་ཆུང་སྣང་བ་རྣམ་གཡེང་ལ་བསྐྱོན་ཏེ། བལྟ་དགའ་དང་ཉན་དགའ་མ་ཆེ། མདུར་རྒྱུ་དང་རྒྱུགས་རྒྱུ་མ་མང་བར། བནྡེ་བྱ་བས་གསེར་ཞོ་གང་གི་རང་ཚུགས་འཛིན་དགོས་པ་ཡིན། རྒྱལ་བསྟན་གཉིས་པོ་འཛིན་ལུགས་གཉིས་ཀྱིས་འཛིན་པ་ལ། གཞི་ཚུལ་ཁྲིམས་གཙང་མ་གལ་ཆེ་བས་སྡོམ་དམ་ཚིག་འདི་ཉར་ཚག་གྱིས། བནྡྷེས་འཚོ་རྒྱུ་སྡོམ་པ་རེད། རྫི་བོས་འཚོ་རྒྱུ་གནག་ཕྱུགས་རེད། རྫི་བོ་གནག་ཕྱུགས་དགྲ་ཁར་བརྒྱབ་པ་དང་། བནྡྷེ་སྡོམ་པ་རྩིས་མེད་ཤོར་བ་གཉིས་ལས་ཕྱི་མ་སྡུག། སྡོམ་པ་ཡིད་བཞིན་གྱི་ནོར་བུ་འདི་ཚེ་འདིའི་རྒྱན་ཡིན། ཙན་མདར་ཞིག་གི་ལྷག་ཡིན། ཕྱི་མའི་རྒྱགས་ཡིན། རྩམ་པ་སྒྲོ་གང་གི་ལྷག་ཡིན། བུད་མེད་ཅིག་དང་ཁ་མ་འབག་ཙམ་མིན་པར་སྡོམ་པ་བྱ་བ་སྡོམ་གསུམ་བསྔོ་བགྲང་ལྟར་སྒོ་གང་ཐད་ནས་ཉེས་ལྟུང་འགོག་ཅི་ཐུབ་རེ་མ་འཆུག། སྡོམ་གསུམ་གཙང་མར་བསྲུང་བ་འདི་རང་རེ་རི་བོ་དགེ་ལྡན་པའི་ཕྱག་བཞེས་ཀྱི་མཐིལ་ཞིག་རེད་འདུག་པས་མ་འཆུག། རྒྱུན་དུ་སྡོམ་པ་དག་མ་དག་ལ་རྟོགས་དཔྱོད་ཐོངས།རྫི་བོས་འཚོ་འཚོ་ཞིག་གྱིས་དང་ཆོས་ལ་དེ་ལས་ལྷག་པ་ཞིག་མེད་ཅིང་མི་དགོས།འཇིག་རྟེན་ཡང་དེས་ཐོན་ཡོད་པས་རེམ་རེམ། དེའི་སྟེང་དུ་དཔེ་ཆ་ལ་བློ་ཆེ་ཟུག་ཆུང་ཟུག་བྱེད་དགོས་པས། རང་གར་མ་སྡོད་པར་བསྡུས་གྲྭ་དང་བློ་རྟགས་གདན་དུ་ཐོངས། དབུ་ཕར་གྱི་ན་བཟའ་ཁ་སྦྱར་ཏེ་བཞེས། མངོན་འདུལ་གྱི་སྐ་རགས་ཉིས་སྦྲེལ་ཞིག་ཆོངས་ལ། གསང་སྔགས་རྒྱུད་སྡེ་བཞིའི་དབུ་ཞྭ་ཞིག་བསྒྲོན་ནས་མདོ་སྔགས་གཉིས་ཀའི་གནད་འདུས་ཀྱི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྦྲང་ཆང་མངར་མོ་དེ་གསོལ་ཞིང་གསོལ་ཞིང་སྡོད་དང་། དགོན་པ་འདིའི་རྟེན་ཅིག་འོང་། རང་གི་འདི་ཕྱི་གཉིས་ཀ་འགྲུབ། གཞན་ལ་ཡང་ཕན་ཐོག་པས་བྱ་བ་གང་ཡིན་ཕོ་བཟང་གི་ལས་ཀ་དོན་ཆེ་ལ་གནད་ཐོག་ཏུ་ཐེབ་པ་ཞིག་མཛོད། ཕོ་ཡེང་ཡེང་གི་བྱ་བ་སད་སིད་དེ་མ་བྱེད། སྐུ་ཚེ་རིང་། ཞེས་བླ་རྒན་བློ་བཟང་མདོ་སྔགས་ཀྱིས་གང་དྲན་ལྷུག་པར་བསམ་པ་བཟང་པོས་གསལ་འདེབས་སུ་བྱས་པ་ཡིག་ཉོབ་ཅིག་ཏུ་རྩིས་མེད་དུ་འཕང་ན་ཁ་གཙེས་པ་ཡིན་ནོ།། །། 

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།