བུ་གཅེས་ཞིག་ལ་གནང་བའི་གདམས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:28:23     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

ཀ་ཡེ་སྙིང་གི་བུ་གཅེས་ཁྱོད་ཉོན་དང་། །ཁ་ཏ་བསླབ་སྟོན་ཅུང་ཟད་བྱེད་འདོད་གྱིས། །ག་ལེར་སེམས་ལ་སྐོར་དང་མ་བརྗེད་དང་། །ང་འདྲ་ངན་ཡང་ཁྱོད་ལ་ལྷག་བསམ་དྲང། །ཅ་ཅོའི་བཟང་མདོག་ཁ་ཕོའི་གཡོ་སྒྱུའི་འཕྲུལ། །ཆ་ལུགས་ཆོས་ལྟར་བཅོས་པའི་རྫུན་ཟོབ་ཀྱིས། །ཇ་ཤ་དཀོར་རྫས་བག་མེད་སྤྱོད་ཆོག་ཀྱང་། །ཉ་སོགས་དུད་འགྲོའི་རིགས་ལས་ལྷག་ཅི་འོང་། །ཏ་ཐཱ་ག་ཏ་ཞེས་བྱའི་སངས་རྒྱས་ལ། །ཐ་ན་ཚིག་ཙམ་སྐྱབས་འགྲོ་མི་བྱེད་པར། །ད་ལྟ་ཕྱུགས་བཞིན་ཟ་ཉལ་དུས་འདའ་ན། །ན་འཆི་གློ་བུར་བྱུང་ཚེ་ཅི་ཞིག་བྱེད། །པ་ར་མི་ཏ་ལ་སོགས་གཞུང་ལུགས་ནས། །ཕ་རོལ་སྐྱེས་ཆེན་འདེགས་པའི་ལོ་རྒྱུས་ལ། །བ་ལང་བཞིན་དུ་མགོ་འཐོམ་མི་དགེའི་ལས། །མ་བྱེད་ཉིན་བཞིན་རང་སེམས་དཔང་པོར་ཚུགས། །ཙ་རུ་ལ་སོགས་གནས་རྟེན་སྐད་གྲགས་ཅན། །ཚ་གྲང་ཁྱད་དུ་བསད་ནས་འཚོལ་བ་ནི། །ཛ་ཡའི་བསྔགས་པའི་ཆོས་སྤྱོད་ཡིན་སྙམ་ནས། །ཝ་ལྟར་འཁྱམས་མཁན་མང་མོད་ཅིར་འགྱུར་དཀའ། །ཞྭ་མདོག་དམར་སེར་རྩོད་པའི་ཡུལ་དུས་འདིར། །ཟ་ཆོག་གཏོ་ཆོག་ཙམ་ལས་ཆོས་དཀོན་མོད། །འ་འུར་གཡམ་རྒྱུག་མིན་པར་དམ་པའི་ཆོས། །ཡ་མཚན་ཆེ་བ་དེང་སང་མང་རྙེད་སྐབས། །རྭ་ལྟར་མཁྲེགས་པའི་སེམས་འདི་གདུལ་ཐབས་ལ། །ལ་ལུང་མང་པོའི་གཏམ་དོན་མི་འགྲུབ་པས། །ཤ་ཁྲག་ཟད་ཟད་ཐོས་བསམ་སྒོམ་རྒྱབ་ཏེ། །ས་ལམ་ཡོན་ཏན་ཨེ་རྙེད་སེམས་ལ་ཟུངས། །ཧ་ཧ་ཧོ་ཧོའི་རྩོད་པའི་གདར་ཤ་ཡང་། །ཨ་དོན་སྐྱེ་མེད་གཅིག་ལ་ཆོད་དགོས་པའི། །ཧ་ལ་འདི་སྣང་འཇའ་ཚོན་མ་དེད་པར། །ཨ་མ་སྟོང་ཆེན་རྟོགས་པའི་ལག་ལེན་མཛོད། །སླར་ཡང་ཕན་པའི་བསླབ་སྟོན་ཉུང་ཤས་ཤིག། །སྙིང་འདྲའི་གཅེས་པར་སྙིང་གཏམ་ཚུལ་དུ་བྱེད། །སྙིང་ལ་ཆོངས་ལ་སྙིང་པོ་མེད་པའི་ལས། །ཚེ་འདིའི་བྱ་བར་སུན་ཐབས་ཅི་ཡོད་མཛོད། །དམ་ཆོས་དམ་པར་འཇོག་པའི་སྒོ་གཅིག་པུ། །འདི་སྣང་ལག་ལེན་འདི་ལ་མ་འདྲེས་པས། །ཡིན་ལ་ཡིན་པའི་ངེས་ཤེས་གང་རྙེད་དགོས། །ཆགས་སྡང་ཆོས་ལ་མ་འཁྲུལ་སྙིང་གི་བུ། །ཐོས་བསམ་གསེར་གྱི་པྲོག་ཞུ་འོད་པོ་ཆེ། །སྤྱི་བོར་བསྐོན་ལ་ཕྱི་འཐེན་བྱེད་མཁན་གྱི། །བདུད་གྱི་བསྒྱུར་བ་དེང་སང་མང་པས་ན། །མང་ཐོས་རིན་ཆེན་རྒྱན་འདིས་ཆོག་མ་ཤེས། །ཚུལ་ཁྲིམས་ཡོན་ཏན་དྲི་བཟང་འཕུར་མའི་སྐྱེས། །གང་ལ་ཡོད་དེས་ལེགས་སྤྱད་ཆོས་ཀྱི་རྗེས། །དཀར་པོའི་ཕྱོགས་ཀུན་ལྕགས་ཀྱུས་གླང་པོ་བཞིན། །དབང་མེད་འགུགས་ན་དེ་ལ་སུ་མི་དགྱེས། །ཡུལ་དུས་ཕ་མ་གནའ་བོའི་ཆགས་ཞེན་གྱིས། །བདུད་རྩི་དུག་བཞིན་མ་སེམས་ཆོས་གཙོ་བས། །ཡབ་རྗེ་འཇམ་མགོན་བླ་མའི་རང་ལུགས་ཀྱིས། །མདོ་སྔགས་ལམ་ལ་ངེས་ཤེས་གང་རྙེད་མཛོད། །བསམ་པས་དཔྱད་ཚེ་ནམ་མཁའ་གང་བའི་ཆོས། །འགལ་འབྲེལ་ཤེས་བྱའི་འཁོར་ལོ་གྲངས་མང་ཡང་། །སྒོམ་པའི་རྒྱུད་ལ་སྦྱར་ཚེ་ལམ་རིམ་དུ། །གཅིག་ཏུ་འགྲེལ་བའི་ལག་ལེན་མཁས་པར་ གྱིས། །བཤད་ཆོས་སྒྲུབ་ཆོས་སོ་སོར་མ་འཛིན་པར། །འདྲེ་སྒྲུང་ར་ཁྱུ་བསྡུ་དང་བཀྲམ་པ་ལྟར། །ཤེས་རབ་འཆང་བར་གཞུང་བརྒྱ་འདུ་བའི་སྒོ། རྣོན་པོའི་སོ་ཁ་སེམས་ལ་དབྱེ་བར་མཛོད། །ཆགས་སྡང་སྤྲིན་ཕུང་གཡོ་བྲལ་སེམས་ཀྱི་མཁར། །བདེན་གཉིས་རྟོགས་པའི་ཉི་ཟླ་འོད་པོ་ཆེ། །ཅིར་ཡང་འཆར་བའི་ཐེག་མཆོག་དགའ་སྟོན་ཏེ། །མྱོང་ལ་རང་མ་ངན་ན་གེགས་གཞན་ཅི། །ཡུལ་འདི་གཏན་ཡུལ་མ་ཡིན་བསྐྱུར་རྒྱུ་དང་། །གྲོགས་རྣམས་གཏན་གྲོགས་མ་ལགས་ལོ་འགའི་ཟླ། །ནོར་རྫས་གཏན་ནོར་ཅི་ཞིག་འབྲལ་ངེས་ན། །ཁྱོད་ཐུགས་དམ་ཆོས་ལས་གཞན་གང་ལ་གཡེང་། །ད་ལྟ་ཕ་མ་ཉེ་དུ་ལ་སོགས་པ། །རེ་ཞིག་འཆང་བ་ལྷོད་པའི་གནས་སྐབས་འདིར། །སྣ་ཐག་རང་མགོར་ལེགས་པར་དཀྲི་ཤེས་ན། །འདི་སྣང་འཁྲི་བ་ཆོད་ལ་དཀའ་བ་མེད། །རང་གིས་རང་ཉིད་འདམ་དུ་བཙུད་གྱུར་ན། །འབྲེལ་མེད་མི་དང་ཐ་ན་ས་རྡོའི་ཀྱང་། །ཐ་མར་བགྲོད་དཀའི་སྒྲོག་ཏུ་འཛུད་ལགས་པས། །ཞིབ་ཏུ་དཔྱོད་ལ་ཐབས་མཁས་གང་དྲག་མཛོད། །དེ་ལྟར་བྱ་སྤྱོད་གང་ཡང་ཆོས་གེགས་སུ། །མི་འགྲོ་ཆགས་མེད་ནམ་མཁའི་བྱ་བཞིན་དུ། །ལུང་རྟོགས་ཆོས་ཀྱི་བྲག་དཀར་སྤོ་མཐོའི་རྩེར། །འགྲོ་བའི་བུ་དེ་འདི་བདེ་ཕྱི་སྐྱིད་ཡིན། །དེས་ན་སྙིང་འདྲིས་གཅེས་པ་ཁྱོད་ལ་ཡང་། །ཆགས་མེད་ཆོས་པ་བྱ་རྒྱལ་རྒོད་པོའི་ཟླར། །འོང་བའི་རེ་འདུན་སྙིང་ལ་བརྣག་པས་ན། །རེ་བའི་དོན་དེ་ཅེས་ཀྱང་འགྲུབ་པར་མཛོད། །

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།