དགེ་ལེགས་ལ་གདམས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:25:42     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

ཀ་དག་ལྷུན་གྲུབ་ཟེར་བའི་རིག་འཛིན་གྱི་བུ་རྒྱུད་ཅིག་ཡིན་མདོག། །ཁ་དོག་དཀར་དམར་རྩོད་པའི་ཞྭ་སེར་གྱི་རང་ལུགས་ལ་མི་དགྱེས། །ག་ཤལ་གོས་བཟང་གྱོན་ནས་དར་ཟབ་གྱི་རྒྱལ་མཚན་ལྟར་འཇོལ་ལེ། །ང་ཚོའི་བླ་མའི་གཟིགས་ན་ཁྱོད་འདྲ་དེ་ཁྲེལ་བའི་གནས་ཡིན་ནོ། །ཅ་ཅོའི་གཞན་ཚོའི་སྐད་གདངས་ལད་མོ་གྱེར་དབྱངས་འདྲ་བྱེད་བཞིན། །ཆ་ལུགས་ཆོས་མཐུན་གཅིག་མེད་བྱུང་རྒྱལ་དུ་སྤྱོད་པ་ལ་དགའ་བཞིན། །ཇ་ཤ་བསོད་པོའི་ཟས་ཀྱིས་གྲོགས་ངན་དང་འབར་འདུ་ལ་བསྡེབས་ཏེ། །ན་ཆུང་ཆུ་ལ་རྩེ་འདྲའི་བག་མེད་ལ་འབྱམས་པ་ཁྱོད་སྡུག་གོ །ཏཱ་རེའི་གསུང་ཆོག་ཟློ་བའི་རྐམ་རློན་གྱི་འཚོགས་ས་ན་ཡོད་ན། །ཐ་མལ་རང་མཚང་སྟོན་པའི་བསམ་སྦྱོར་གྱི་རིག་བྱེད་དེ་ངོམས་ཤིང་། །དར་དིར་ཐལ་ཕྲེང་རྩོད་པའི་ང་རོ་ལ་གྲོགས་མཆེད་ཚོ་ཆས་ཚེ། །ན་གཟུགས་ཁོང་ནས་ལྡང་བའི་ངོ་ཤོར་གྱི་མདོ་མེད་ཁྱོད་སྡུག་གོ །པ་ཏྲའི་རི་མོ་འདྲི་སོགས་རྣམ་གཡེང་གིས་ཉིན་མཚན་ཀུན་འདའ་བས། །ཕ་རོལ་ཕྱིན་སོགས་མདོ་རྒྱུད་གཞུང་བཟང་ལ་བལྟ་རྟོགས་ཏེ་བསྐྱུར་བས། །བ་ལང་བཞིན་དུ་ཟ་ཉལ་ཁོ་ན་ལ་མགོ་འཐོམ་དུ་སོང་བས། །མ་རིག་གདོན་གྱིས་བཏབ་པའི་བླུན་པོ་ཁྱོད་སྡུག་ཚབ་རང་ཆེའོ། །ཙ་རུ་ལ་སོགས་རྒྱ་དབུས་གནས་ཆེན་གྱི་ལོ་རྒྱུས་རེ་བཤད་ཅིང་། །ཚ་གྲང་དཀའ་བ་ཁྱད་བསད་མར་མི་ཡི་རྣམ་ཐར་རེ་ཀློག་ནས། །ཛ་ཡའི་རྗེས་འཇུག་ཡིན་རློམ་ཁ་ཙམ་གྱི་ཆོས་བརྫུ་ཡི་ངང་ནས། །ཝ་མོ་རི་སུལ་འཁྱམས་བཞིན་རི་རྒོག་འདིར་མི་ཚེ་གཟད་སྡུག་གོ །ཞྭ་ལྟར་སྤྱི་བོར་འཁུར་རྒྱུའི་མཁན་སློབ་དང་དགེ་རྒན་ལ་རྩིས་མེད། །ཟ་མ་མོ་རིགས་མཐོང་ན་རྗེས་དེད་ལ་ཁྲ་ཆུང་མིག་རྒྱུག་པའི། །འ་འུར་མང་ཚོགས་གར་ཡོད་གྲོགས་མཆེད་ཀྱི་ལྷ་གྲྭལ་བཞིན་སྐོར་བའི། །ཡ་མ་གཤིན་རྗེའི་ཟ་རྒྱུའི་དམ་ཉམས་ཞིག་རེད་ཉེན་རང་ཆེའོ། །ར་རྒོག་བཞིན་དུ་ཆོས་མཐུན་ཡ་རབས་ལ་གདུག་རྩུབ་རང་ཆེ་ལ། །ལ་ལ་ངན་སྤྱོད་འཆང་ལ་སྙིང་གྲོགས་སུ་འབྲལ་བླག་རང་མེད་པར། །ཤ་ཟ་མི་སྲུན་འདྲེས་ཁྱེར་བར་ཆད་ཀྱི་གཞན་དབང་དུ་སོང་ཁྱོད། །ས་སྟེང་འདི་ན་ཡོད་དགུའི་ངན་སྤྱོད་ཀྱི་ལམ་དུ་ནི་སོང་ཟིན། །ཧ་བོ་ཧ་བོ་བློ་གསལ་ན་ཆུང་གི་རྟེན་བཟང་ཞིག་ཡོད་དེ། །ཨ་མ་འགྲོ་དྲུག་འདྲེན་པའི་བླ་མ་ཞིག་ཡོང་རེ་ཡང་བྱས་ཏེ། །ཧ་ལ་ངན་སྤྱོད་སྣ་དགུས་ཤུལ་མེད་དུ་གཏན་བརླག་རང་བྱེད་འདུག །ཨ་ཧོ་བླ་མ་དཀོན་མཆོག་ར་མདའ་ལ་ཕེབས་པ་ཞིག་ཞུའོ། །ཡབ་རྗེ་བླ་མའི་ཞབས་ལ་དད་མདོག་ཁ་སྒྲུང་དུ་གྱེར་བཞིན། །དེ་ཡི་བཀའ་ལ་མི་བརྩི་ཁོང་གི་ཆོས་ལུགས་ལ་མི་མོས། །གྲུབ་ཐོབ་བརྒྱུད་པའི་ལུགས་སྲོལ་སྔ་འགྱུར་གསང་ཆེན་ལ་མོས་མདོག །ཁོང་ཚོའི་ཕྱག་སྲོལ་ལ་ཡོད་འབུམ་ལྔའི་སྒྲིབ་སྦྱོང་ཙམ་མི་བྱེད། །འདུལ་འཛིན་བཙུན་པ་མིན་ན་གཞན་ལ་དག་སྣང་ཡང་མི་སྟེར། །རང་གི་ཕྱི་དྲོས་ཁ་ཟས་གཅོད་ཙམ་ལག་ལེན་ལ་མི་བྱེད། །ལམ་སྟོན་བླ་མ་ཡིན་ཀྱང་རབ་བྱུང་མིན་ན་ཅང་མིན་མདོག །སློབ་མ་རང་གིས་རགས་པ་བཅུ་གྲངས་འདྲེན་ཙམ་ཡང་ཤེས་དཀའ། །ཕར་ངོས་སུ་ཡང་མཁས་པ་མེད་ན་ནི་སྨད་ཅིང་། །ཚུར་ངོས་རང་གིས་ཚིག་བཞི་ལེགས་པོ་ཡང་མི་བལྟ། །ཆོས་སྐད་ཁ་ལ་འདོགས་ལུགས་ཆོས་ལ་དོན་གཉེར་རེ་ཡོད་འདྲ། །ཆོས་གེགས་རྣམ་གཡེང་བྱེད་ལུགས་སྙིང་ནས་ཆོས་སྤོང་ལ་དགྱེས་སྙམ། །གང་ནས་ཇི་ལྟར་བརྟགས་ཀྱང་འགལ་འདུ་ཁོ་ན་ལ་སྤྱོད་ཁྱོད། །རང་སྡུག་སྟེང་དུ་རོགས་སྡུག་ཁུར་ཆེན་ཞིག་ཡིན་པས། །ཐོས་བསམ་སློབ་གཉེར་མི་མོས་སྐྱིད་ཉལ་རྣམ་གཡེང་ལ་དགའ་ཞིང་། །བཙུན་ཚུགས་སྤྱོད་བཟང་མི་མོས་བག་མེད་ཁོ་ན་ལ་དགའ་ན། །བློ་ཐག་གཅིག་ཏུ་ཆོད་ལ་འཕྲལ་དགའ་འདོད་ཡོན་གྱི་དྭངས་མ། །ནག་ཆང་ཇི་འདོད་སྤྱོད་ལ་ཁྲེལ་མེད་བག་ཡངས་ཤིག་མཛོད་ཅིག། །མིན་ན་མི་ཚེ་སྟོང་བར་ཟད་ཐབས་ཀྱི་རྣམ་གཡེང་དེ་བསྐྱུར་ནས། །བཅོ་བརྒྱད་ན་ཚོད་རྫོགས་པའི་ཤ་ཁྲག་དར་བབས་ཀྱི་ལུས་བཟང་། །ཐུབ་བསྟན་འཁོར་ལོ་གཉིས་ཀྱི་བྱ་སྤྱོད་བཟང་པོ་ཡི་སྣམ་དུ། །འདུག་རན་མ་ཟད་འཕྱི་ནས་ཐལ་བ་དེ་ངོ་རང་ཨེ་འཕྲོད་ལྟོས་དང་། །བུ་མོ་ཡིན་ན་གནས་ལ་འགྲོ་རན་དུ་འདུག་ལ། །སྟག་ཤར་ཡིན་ན་རང་ཁྱིམ་ཕུབ་ཚོད་ཅིག་ལགས་པས། །སྤྲུལ་སྐུ་ཡིན་ཚེ་རང་བྱ་སྐྱོང་རྒྱུ་ཞིག་སྲིད་ན། །མགོ་འཕང་སྨད་དེ་བསམ་མནོ་ཞིབ་བཏང་ཞིག་རན་ནོ། །ང་འདྲའི་བལྟས་ན་ཁ་ལ་ཆོས་བརྫུ་ཞིག་བཏགས་ནས། །ལོ་ཤས་གནས་པའི་ཚེ་ནས་རྣམ་གཡེང་ཤིག་བྱས་ཏེ། །ཐ་མ་རང་ཁྱིམ་སོ་ཚིས་འབད་འབད་དུ་བྱེད་པའི། །སྐྱ་མིན་སེར་མིན་ཞིག་ལས་འོང་རྒྱུ་ཞིག་མེད་སྙམ། །སྡུག་སེམས་གཏིང་ནས་སྐྱོ་ཡང་བྱེད་རྒྱུ་ནི་མི་འདུག། །ང་འདྲ་ཁ་ཙམ་མ་ཡིན་གློ་བ་ཡི་དཀྱིལ་ན། །ཕན་འདོགས་གྲོགས་ཤིག་ཡིན་པའི་འདུ་ཤེས་ནི་དཀའ་བས། །ལན་འགའ་ཅུང་ཟད་ལབ་ཀྱང་ལས་རྒྱུ་ཞིག་མ་བྱུང་། །བླ་མ་དམ་པ་རྣམས་ཀྱིས་ཞལ་རས་ལ་དཔག་ནས། །རང་ཚོད་ཕན་པའི་བསླབ་སྟོན་སྔ་ཕྱི་རུ་བྱས་ཏེ། །རང་གི་ངོས་ནས་བཀའ་དྲིན་འཚོབ་བྱེད་དུ་བྱས་ཀྱིས། །ཁེངས་དྲེགས་ཁྱོད་འདྲའི་ངོས་ལ་ལྟོས་པ་ཞིག་མི་འདུག། །བསམ་བཟང་གཏམ་ཞིག་ཕན་པའི་སྨྲས་ལོ་ཞིག་བྱས་ཀྱང་། །ཐུགས་ལ་འཕྲོད་པ་མེད་ན་རྡོག་པ་ཡི་དྲིལ་དང་། །དམན་བུ་ང་རང་མི་ཁྲོ་ཅི་དགྱེས་ཤིག་མཛོད་ཅེས། །དུམ་ཆོད་ཚིག་འགའ་རླུང་ལ་བསྐུར་ནས་ནི་བཏང་ངོ། །དགེ་ལེགས་ལ་གདམས་པ་དགེའོ།། །།

   

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།