སྐྱེ་སྤྲུལ་ཚོར་གདམས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:16:56     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

      ན་མོ་གུ་རུ། འདི་དང་ཕྱི་མའི་ཕན་བདེའི་ལམ་བཟང་། །བརྩེ་བས་འདོམས་མཛད་དྲིན་ཆེན་བླ་མ། །སྐུ་དྲིན་དྲན་པའི་གུས་པའི་འདུད་ཀྱིས། །ཚེ་རབས་ཀུན་ཏུ་ཐུགས་རྗེས་བཟུང་མཛོད། །སྔོན་སྨོན་ལས་ཀྱིས་ལྷན་ཅིག་བསྡུས་པའི། །མཆོག་སྤྲུལ་མེ་ཏོག་གསར་བའི་ཕོན་པོ། །ཡོན་ཏན་དྲི་བསུང་འཐུལ་བ་ལགས་ན། །དམ་པའི་མཆེད་གྲྭལ་མཛེས་རྒྱན་ཡིན་ནོ། །སྐུ་ཡི་མེ་ཏོག་སྐྱེས་པ་ལེགས་ཀྱང་། །གྲོགས་ངན་བ་མོའི་རྐྱེན་དང་འབྲེལ་ན། །གཤིས་བཟང་རང་འོད་བག་ལ་ཞ་སྟེ། །སྤྱོད་ངན་རང་མདོག་སྟོན་པ་ལགས་སོ། །ཀྱེ་ཀྱེ་རིགས་རྒྱུད་བཟང་པོར་འཁྲུངས་པའི། །ན་ཚོད་གཞོན་ནུའི་གནས་སྐབས་འདི་འདྲས། །ཡོན་ཏན་བདུད་རྩི་བཞེས་པ་མིན་ན། །སྐྱེ་སྤྲུལ་ཡིན་ཀྱང་མདོ་ཤོར་ལགས་སོ། །ཤེས་བཞིན་གོ་བཞིན་མདོ་ཤོར་མཛད་ན། །སྤྲུལ་སྐུའི་མཚན་སྙན་ཆུད་ཟོས་མ་མཛད། །རང་མཚང་རང་གིས་འབྲུ་བ་ལགས་ཀྱིས། །སེམས་ཤིག་ཡོད་ན་སོས་དལ་མ་བཞུགས། །བསྐལ་མང་ཐོས་དཀའ་ཐོས་ན་དོན་ཆེའི། །ཐོས་པའི་ཡོན་ཏན་ནོར་བུའི་ཕྲེང་བ། །སྙན་དྲུང་མཛེས་པའི་རྒྱན་གཅིག་ལགས་ཏེ། །བཞེས་སྙམ་མེད་ན་བདུད་ཀྱིས་བརླབ་པོ། །དམ་པའི་ལྷ་གྲྭལ་བཟང་པོར་བཞུགས་ཚེ། །གཞུང་ལུགས་གཏམ་གྱི་དགའ་སྟོན་མྱོང་བའི། །དམ་པའི་དྲུང་ན་བཞིན་རས་དམའ་བའི། །དམ་པའི་སྐྱེ་སྤྲུལ་ངོ་རེ་ཚའོ། །གཞུང་བརྒྱའི་དོན་བཟང་གསེར་གྱི་ཐང་མ། །ཡ་རབས་གྲོགས་ཀྱིས་ཡང་ཡང་བདལ་ཀྱང་། །ལེན་འདོད་ལན་གཅིག་ཙམ་ཡང་མེད་ན། །མི་ལུས་གཡག་སེམས་ངོ་མར་འདུག་གོ །བླ་མ་གོང་མའི་སྐུ་སྐྱེས་ཟེར་བཞིན། །མ་རབས་ཐ་མའི་བསམ་སྦྱོར་འཛིན་པའི། །བསྟན་པའི་བླ་བཙོང་དེ་འདྲ་མཛད་ལ། །སེམས་ཤིག་ཡོད་ན་སུན་ཚོད་ལགས་སོ། །ཐུབ་བསྟན་རིན་ཆེན་མར་ལ་འགྲིབ་པའི། །དུས་ངན་འདི་འདྲར་སྐྱེ་སྤྲུལ་ཡིན་ན། །བསྟན་པའི་རྩ་བ་ཚུལ་ཁྲིམས་གོས་བཟང་། །གསོལ་རན་ལགས་ཀྱིས་གསོལ་བ་མིན་ནམ། །དགེ་བའི་བཤེས་དང་གྲོགས་ཀྱིས་བཅིངས་པའི། །བག་ཡོད་སྐ་རགས་གཞི་ནས་ལྷོད་དེ། །ཟ་འདུ་འབར་འདུའི་ཉིན་མཚན་འདའ་ན། །བདུད་ཀྱི་བརླབ་པ་དོགས་གནས་ལགས་སོ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རྒྱན་གྱིས། །ལེགས་པར་བསྡམ་པའི་གྲོགས་བཟང་ཡོད་བཞིན། །དེ་ལ་ཁ་མིག་ཡར་བལྟ་མེད་ན། །ཁྱི་བཞིན་སྐལ་ངན་སྨད་པའི་གནས་སོ། །ཡ་རབས་གྲོགས་ལ་གྲོགས་སུ་མི་འཛིན། །མ་རབས་གཟུགས་མཛེས་དང་དུ་བླངས་ནས། །སྤྱོད་ངན་མི་གཙང་གཅིག་གཅིག་སྡུད་པའི། །ལས་ངན་དེ་འདྲ་ད་ལྟ་མང་ངོ་། །ཚུལ་ཁྲིམས་རིན་ཆེན་ན་བཟའི་ཕུང་པོ། །ལེགས་པར་བཞེས་ལ་ཁུར་བཞིན་དཀའ་ན། །བར་ཆད་བདུད་ཀྱི་དབང་དུ་སོང་གྱིས། །ལྷ་དང་བླ་མར་གསོལ་འདེབས་རན་ནོ། །ད་ལྟ་རྙེད་པའི་ལུས་རྟེན་འདི་ཀའི། །དོན་འབྲས་གང་བྱུང་རང་ལ་རགས་ཤིང་། །དེ་ཡང་དེང་སང་ཁོ་ན་ཡིན་གྱིས། །རང་བྱར་རྟོགས་པའི་ཐུགས་སེམས་མེད་དམ། །ཉིན་རེ་ཟླ་རེ་ལོ་རེ་བཞིན་ནས། །གང་བསྒྲུབ་ཅི་འགྲུབ་ཅི་ཡང་མེད་པར། །ཧད་དེ་ལུས་ནས་མི་ཚེ་གཟད་ལ། །གཏིང་ནས་དོགས་ཟོན་མཛད་ཚོད་ལགས་ཀྱིས། །ཡོན་ཏན་སྦྲང་རྩིའི་རྒྱལ་མཚན་སྙོགས་པའི། །ཐུགས་ཀྱི་བུང་བ་བྲེལ་བའི་སྟབས་ཀྱིས། །འཁོར་ལོ་གཉིས་ཀྱི་འཕུར་ལྡིང་རྩེན་ཏེ། །འདི་ཕྱི་གཉིས་ཀྱི་དོན་ཆེན་མཛོད་ཅིག། །དགེའོ།། །།

  

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།