གྲགས་པ་རབ་རྒྱས་ལ་གསལ་འདེབས་བྱས་པའི་ཞལ་གདམས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 22:09:24     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

     ན་མོ་གུ་རུ། བློ་བཟང་རྒྱལ་བའི་ཐུགས་བསྐྱེད་བྱིན་རླབས་མཐུ། །མཁས་བཙུན་བཟང་པོའི་དགེ་བའི་བཤེས་ཀྱི་ཚུལ། །སྐལ་བཟང་གདུལ་བྱའི་མོས་ངོར་ཤར་བ་ཡི། །རྒྱལ་བ་རྒྱ་མཚོའི་རྣམ་རོལ་དེ་ལ་འདུད། །བདག་ནི་ཡོན་ཏན་ནོར་གྱིས་ཕོངས་པས་ན། །གཞན་ལ་གདམས་པའི་མཁན་པོ་མིན་མོད་དེ། །རེ་ཞིག་གཞོན་པ་ཁྱེད་ལ་གཞེན་བསྐུལ་གཏམ། །ནེ་ཙོའི་ཆོས་བཤད་བཞིན་དུ་གླེང་པ་ན། །ཐོག་མ་༼དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །གསུངས་པ་དང་བསྡུས་ཏེ་མཆན།༽ཉིད་ནས་མེད་དུ་མི་རུང་བའི། །ལག་ལེན་གཙོ་བོ་ཚུལ་ཁྲིམས་ཡིན་གསུངས་ན། །ཆོས་འདིར་བདུད་རྩིའི་བཏུང་བ་བཞེས་པ་ཡི། །བཟང་པོའི་སྐལ་བ་ཁྱེད་ལ་ཡོད་དམ་ཅི། །༼ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་གཙོ་བོ་མཆན།༽ཆང་དང་བུད་མེད་འཕྲལ་དགའ་ཕུགས་འཕུང་པའི། །ཀིམ་པའི་འབྲས་ལ་ཉིན་མཚན་སྲེད་གྱུར་ཏེ། །ཕྱིན་ཅི་ལོག་གི་བག་ཆགས་འཐས་པ་ཡི། །གནས་ངན་ལེན་ལ་ཁྱོད་ཉིད་དགྱེས་སམ་ཅི། །འདོད་ཡོན་དུག་གི་ལོ་མ་ཟོས་ཟོས་པའི། །ངན་གོམས་བྱུར་གྱིས་མནར་བའི་ལིང་ཤོར་བློས། །འཁྲིགས་༼འཁྲིགས་པ་བདུན་ཡོད་པ་ཤེས་དགོས་མཆན།༽ བདེར་ཞེན་པའི་ཆུ་འགོག་གཉེན་པོའི་རགས། ཁྱོད་ཐུགས་རྭ་བར་ནན་ཏན་བསྐོར་རམ་ཅི། །བག་ཡོད་རྫི་བོས་དྲན་ཤེས་དག་པ་ཡིས། །དམུ་རྒོད་ཁ་ལོ་མེད་པའི་སེམས་ཀྱི་རྟ། །ཀུན་སྤྱོད་གཙང་མའི་རྟོད་ཕུར་ལ་འདོག་པའི། །ཡ་རབས་སྤྱོད་ལ་ཁྱོད་ཐུགས་དགྱེས་སམ་ཅི། །ཚུལ་ཁྲིམས་ས་གཞི་བྱི་དོར་བྱས་པའི་གཞིར། །༼སློབ་གཉེར་ལ་བསྐུལ་བ་མཆན།༽མང་ཐོས་གསུང་རབ་ནོར་སྣ་འབུམ་བརྡར་ཏེ། །དྲི་མེད་རིགས་པས་རིན་ཐང་གཞལ་བ་ཡི། །བསམ་པས་ངེས་ཤེས་འཚོལ་ལ་ཁྱོད་དགྱེས་སམ། །བདེན་གཉིས་ཤེས་བྱའི་གོས་བཟང་ཟ་འོག་ངོས། །རང་སྤྱིའི་གསེར་གྱི་རི་མོ་འབུམ་བཀྲ་བ། །རྣམ་དཔྱོད་མིག་གིས་མཇལ་བའི་བསོད་ནམས་ཅན། །མཁས་པའི་ཚོང་དཔོན་མཛད་ལ་ཁྱོད་སྤྲོ་འམ། །སྤོང་དང་ཀློག་པས་རྒྱལ་བསྟན་སྙིང་པོའི་ནོར། །བློ་གྲོས་མཛོད་དུ་བཅུག་པས་འདུ་བྱེད་ཀུན། །རྣམ་དཀར་ཁོ་ནར་གཞོལ་བའི་བསྟན་འཛིན་གྱི། །སྐལ་བཟང་སྐྱེས་བུ་ཁྱོད་ཀྱིས་མཛད་བཞེད་དམ། །ཀྱེ་མ་༼སྐྱོན་གྱི་ཆེ་ཤོས་ངོས་བཟུང་པ་མཆན།༽དེང་དུས་སྙིགས་མ་ལྔ་བདོ་བས། །ཡ་རབས་སྤྱོད་ལ་མིག་ལྟོས་བྱེད་མཁན་དཀོན། །མ་རབས་སྤྱོད་ལ་རང་མོས་གཞན་འཐེན་པས། །རྒྱལ་བསྟན་གཙང་མའི་ཕྱག་བཞེས་ཇི་ལྟར་འོང་། །རབ་བྱུང་སྡོམ་པ་ལེན་པའི་ཐོག་མ་རུ། །ཨ་ལི་ཀ་ལིའི་གླུ་དབྱངས་གྱེར་བ་ནས། །འཚོ་བ་ཕྱིད་པའི་ཐབས་ལ་འདི་བཟང་ཞེས། །རྟེན་འབྲེལ་མགོ་ནས་སྣད་པ་མ་ཡིན་ནམ། །༼ཐོག་མར་མཆན།༽བསླབ་པ་གསུམ་གྱི་ནོར་བུ་ལེན་པའི་ཐབས། །ལུང་གི་གྲུ་བོ་རིགས་པའི་དར་ཆེན་གྱིས། །བསྐྱོད་པ་ཙམ་ནས་ཤི་དགེ་གསོན་ཟས་ཀྱི། །འཆིང་བུ་གསོག་པའི་འདུན་པ་མི་བྱེད་དམ། །༼བར་ཏུ་མཆན།༽ཡིད་ཀྱི་ཡོལ་གོ་མང་ཐོས་ནོར་བུ་ཡིས། །བཀང་བ་ལས་ཀྱང་གོར་མདོའི་ཆོག་ཁྲིག་གི །ཕྱག་ལེན་ཕྲ་མོ་བྱང་བ་ཙམ་ཞིག་གིས། །རང་ཚིམས་གཞན་གྱིས་ངོ་སོ་མི་བསྟོད་དམ། །༼ཐ་མ་མཆན།༽ལོ་ཤས་ཟླ་ཤས་དམ་ཆོས་སྐྱེད་མོའི་ཚལ། །འགྲིམ་མདོག་དགེ་འདུན་གྲལ་དུ་འཚང་པ་ཡི། །ཁྱིམ་པ་རྐུ་ཐབས་ཞུགས་པའི་སྤྱོད་ལམ་གྱིས། །གྲྭ་ས་ཆོད་པའི་སྤྱི་བརྟོལ་མི་བྱེད་དམ། །༼མཐར་ཐུག་མཆན།༽སྟབས་ལེགས་སྟས་ཀྱིས་མཚན་སྙན་རམ་གྱིས་ཚོས། །བགོས་པའི་གཟུགས་བརྙན་ལྤགས་པ་སྔོན་པོ་ཡིས། །དཀོར་སྡུད་རྒྱལ་པོའི་གོ་ས་རྙེད་ཙམ་ན། །ཉིང་དགོས་གྲུབ་པ་དེང་སང་མི་མང་ངམ། །ཀྱེ་མ་བླ་མ་མཛད་ཀྱང་ཉིང་དགོས་འདི། །ཀྱེ་ཧུད་སྤྲུལ་སྐུར་འཁྲུངས་ཀྱང་ཉིང་དགོས་འདི། །ལས་ངན་རང་གི་བསམ་པའི་ཕུགས་ཀྱང་འདི། །གྲོགས་ངན་གཞན་གྱི་གཏད་སོའི་ཕུགས་ཀྱང་འདི། །འདི་འདྲའི་བསམ་སྦྱོར་གདོན་གྱིས་ཐེབས་བཞིན་དུ། །བཤད་དང་སྒྲུབ་པའི་ཕྱག་ལེན་བྱེད་མདོག་ཀྱང་། །མི་གཙང་གྱིས་བཀང་རྒྱན་ལྡན་བུམ་པ་ལྟར། །མཇལ་སྣང་སྤྲོ་ཡང་རུལ་དྲི་མི་བྲོའམ། །གདོན་འདི་ཕྲལ་ཐབས་ཡོད་དམ་སྤྲུལ་བའི་སྐུ། །གེགས་འདི་སེལ་ཐབས་ཡོད་དམ་སྙིང་གི་བུ། །ཡོད་ན་དམ་ཆོས་འགྲུབ་པ་ཡོད་ལགས་ཀྱིས། །མེད་ན་བསྟན་འཛིན་ཟོལ་གྱིས་ཟ་ཐབས་དང་། །དེ་སྐད་སྨྲས་པའི་སྐྱོན་འདི་སེལ་ཐབས་དང་། །ཡོན་ཏན་དམ་པའི་རྣམ་ཐར་འཚོལ་འདོད་ཐུགས། །ཕན་ཚུན་འགྲན་པ་ལྟ་བུའི་རྣམ་ཐར་གྱིས། །སྤྱན་མིག་གྱེན་ལྟོས་མཛད་ན་མི་ལགས་སམ། །ངག་གི་རྫིང་བུར་སྐྱོན་ཡོན་གཟུགས་བརྙན་ཆ། །འགོག་མེད་ཤར་བའི་བློ་གྲོས་པདྨོའི་ཟས། །དམ་ཆོས་འཁོར་ལོའི་ལག་ཅན་ངང་བ་ཁྱོད། །དགྱེས་པའི་སླད་དུ་རྒན་པོས་ཕུལ་བ་ལགས། །དྷརྨ་སཱ་རས་གྲགས་པ་རབ་རྒྱས་ལ་གསལ་འདེབས་སུ་བྱས་པའོ།། །།

     ཡང་འཇིག་རྟེན་ལུགས་ལས་བརྩམ་ཏེ་སྨྲས་པ། །ཆོས་དང་འགལ་མེད་ཡ་རབས་སྲོལ་བཟང་པོའི། །ཆོས་སྤྱོད་བསླབ་པའི་གཞི་མ་འཛུགས་པ་ཡི། །ཆོས་བཞིན་སྐྱོང་བའི་དགེ་བའི་བཤེས་གཉེན་དེ། །ཆོས་དཀར་དད་པའི་ཟེའུ་འབྲུར་རྣམ་བཀོད་དེ། །བློ་གསལ་གཞོན་ནུ་ཁྱོད་ཀྱི་ལག་ལེན་ཚུལ། །བློ་ལ་འདི་ལྟར་ངེས་པར་གྱིས་ཤིག་ཅེས། །བློ་གྲོས་ཆུང་ཡང་དམ་པའི་གསུང་རྒྱུན་འགའ། །བློ་ལྡན་མཁས་པའི་ལད་མོས་འདི་ལྟར་འབུལ། །ཀྱེ་ལགས་སྲས་བཅས་རྒྱལ་བའི་སྤྱན་སྔར་ནི། །དགྱེས་བསྐྱེད་ཚུལ་ལྡན་མང་ཐོས་འདི་ལགས་ཏེ། །མ་སྦྱངས་མི་ཅོར་སྨྲ་བའི་བླུན་ཁྲོད་དུའང་། །ཡོན་ཏན་རྒྱན་འདི་བསྙོན་མེད་མཛེས་ལགས་ན། །མཛེས་ཤིང་འཕྱོར་ལ་དགྱེས་ན་མཛངས་བླུན་ཀུན། །དགའ་བའི་སྟོན་མོ་ཡོན་ཏན་རིན་ཆེན་རྒྱན། །བཞེས་ནས་མཐོང་ཐོས་ཡིད་ལ་མགུ་བའི་སྐྱེས། །སྦྱིན་པ་མི་ཡི་ལུགས་ཀ་ཟླ་མེད་ལགས། །བསོད་ནམས་ཆར་གྱི་རླན་ཞིག་ཡོད་སྲིད་ན། །ཟང་ཟིང་ནོར་གྱི་རྩི་ཐོག་སྐྱེ་ངེས་པས། །ལུས་ཀྱི་ཟག་པ་ཁྱི་ལའང་མི་སྟེར་བའི། །འཇུངས་པ་མི་ཡི་ཆོས་ལ་ཤིན་ཏུ་སྨད། །འདོད་པའི་ལྕགས་ཀྱུ་ངོ་ཚ་ཁྲེལ་མེད་པར། །མཛའ་དང་བར་མའི་དངོས་དགུར་ཡང་ནས་ཡང་། །འདེབས་པའི་བརྐམ་ཆགས་ཐུགས་དམ་མཐིལ་འཛིན་པ། །གྲོགས་ལ་ཞེ་སུན་བསྐྱེད་པའི་ངན་གཤིས་ལགས། །ཡོན་ཏན་ནོར་ལ་ཅི་ཡང་མི་སེམས་པར། །རང་དོན་གཙོ་བོར་བྱེད་པའི་བསམ་སྦྱོར་འདི། །མི་ཡི་ནང་ན་ཁྱི་བཞིན་སྨད་པའི་ཆོས། །དེ་འདྲའི་སྐྱོན་ལ་སྐྱོན་དུ་མཐོང་བའི་སྒོས། །ལྡོག་ཕྱོགས་ཡོན་ཏན་མེ་ཏོག་ལེགས་བཀུར་ནས། །བསམ་སྦྱོར་གང་ཡང་སྤྱི་སྙོམས་གཞན་ཕན་གྱིས། །སྐྱེ་བོས་བསྔགས་པའི་དྲི་བཟང་འཕྲོ་བར་གྱིས། །ཞེས་པའང་དྷརྨ་སཱ་རས་གྲགས་པ་རབ་རྒྱས་ལ་གསལ་འདེབས་བྱས་པའོ།། །།

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།