བཙུན་ཆུང་སྡོམ་བརྩོན་གྱི་རིགས་སུ་གནས་པ་བློ་བཟང་རྡོ་རྗེ་ལ་གདམས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-09 21:58:48     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

         འཇ༵མ་དཔ༵ལ་སྙིང་པོ་སླར་ཡང་བསམ་བཞིན་དུ། །བསྟན་འགྲོའི་མགོན་དུ་རྣམ་པར་རོ༵ལ་བ༵འི་རྗེ། །གནས་ལྔ་ཀུན་གཟིགས་བློ༵་གྲོ༵ས་མཚུངས་མེད་པའི། །ཡབ་རྗེས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག། །སྙིང་ལྟར་གཅེས་པའི་བཙུན་ཆུང་སྡོམ་བརྩོན་གྱི་རིགས་སུ་གནས་པ་བློ་བཟང་རྡོ་རྗེ་ལགས། སྤྱིར་མི་ལུས་ཙམ་ཡང་ཞིབ་ཏུ་བསམ་ན་རྙེད་དཀའ། ཆོས་ལྡན་གྱི་ལུས་རིན་ཆེན་དེ་བས་ཀྱང་དཀོན། བླ་མ་དམ་པ་རྣམས་དང་མཇལ་བ་ཡང་སྲིད་མཐར་སྣང་། ཆོས་ལུགས་དང་གྲུབ་མཐའ་མང་ཡང་སྙིང་ནས་གྲོལ་བ་དོན་དུ་གཉེར་བ་ལ་ཕྱོགས་རིས་ཙམ་མ་ཡིན་པར་གཅིག་ཏུ་ཐུབ་པའི་ལུགས་བཟང་ཚངས་ལ་མ་ནོར་བའི་གསེར་སྦྱང་བཙོ་མ་ལྟ་བུའི་འཇུག་ངོགས་མཆོག་ཏུ་གྱུར་པ་རྒྱལ་བ་གཉིས་པ་ཙོང་ཁ་པའི་རང་ལུགས་དང་འཕྲད་པ་རྣམས་ནི།ཤིན་ཏུ་རྙེད་པར་དཀའ་བའི་རྙེད་པ་ལེགས་པར་རྙེད་པ་ཡིན་པ་ལ། ནོར་བུ་འཆིང་བུར་མ་འཁྲུལ་བར་རང་གི་ཚེ་རབས་གཏན་གྱི་འདུན་མ་ཞིག་སྒྲུབ་བསམ་པ་ནི།ལན་གཅིག་ཙམ་མིན་པར་ཡང་ནས་ཡང་དུ་བསམ་དགོས་ལ། བསམ་པ་ལྟར་དལ་བའི་རྟེན་ལ་སྙིང་པོ་རྣམ་པར་དག་པ་ཞིག་ལོན་དགོས་པས། དེ་ལ་འཇིག་རྟེན་གྱི་བུ་བཟང་པོ་དང་། རྟ་མགྱོགས་པའི་གྲགས་སྐམ། ཁྱི་དང་ཕག་པ་ལྟར་ལྟོ་འདུན་ཆེན་པོས་གང་བྱུང་ཟ་བ་སོགས་ཚེ་འདིའི་བསམ་སྦྱོར་ཐ་མལ་བའི་རྩེ་མ་ཉམས་པར་ཕྱི་མ་འཚངས་པའི་ཆོས་རྒྱགས་བཟང་པོ་གཏན་ནས་མི་འགྲུབ་པས་ན། བླ་མ་གོང་མ་ཚོའི་གསུང་སྒྲོས་ལ། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་དགོས་གསུངས་པ་ཡིན་པས་ཚེ་འདིའི་དོན་ཅི་བྱུང་གང་བྱུང་བྱས་ཏེ་ཆོས་ལ་འཇུག་དགོས་པ་ནི། དཔེར་ན་སྲང་མདའི་མཐོ་དམན་ལྟར་ཡིན་པས་ཚུལ་དེ་དགོངས་ལ་ཆོས་ལ་འཇུག་པའི་སྟ་གོན་མཛོད། ཆོས་ཉམས་སུ་ལེན་ཟེར་བ་ནི། བྱ་བྲལ་དང་། སྒོམ་ཆེན་དང་། ལུས་ངག་གི་དགེ་སྦྱོར་ཅན་ལ་སོགས་པའི་མིང་ཐོག་མི་དགོས་ཤིང་། དེ་དང་དེའི་གཟུགས་བརྙན་ཡང་འཁྲབ་མི་དགོས་པར་ཇི་སྐད་དུ། ངོ་མཚར་བཀའ་ནི་སྡེ་སྣོད་རྣམ་པ་གསུམ། གདམས་པ་སྐྱེས་བུ་གསུམ་གྱི་མཛེས་པ་ཡིན། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི། །འགྲོ་བ་སུ་ཡིས་བགྲངས་ཡང་དོན་ཡོད་འགྱུར། །གསུངས་པ་ལྟར་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་གཞུང་གི་བང་མཛོད་སྐྱེས་བུ་གསུམ་གྱི་མན་ངག་གི་ལྡེའུ་མིག་གིས་ཕྱེས་ཏེ་རྒྱུད་ལ་གོམས་འདྲིས་འགྲོ་བཅུག་ནས་སྦྱར་བ་ཅིག་ཡིན་ཏེ། ཉམས་ཞེས་པ་རང་གི་ཤེས་རྒྱུད་དམ་སེམས་སྟེང་དུ། གང་ལེན་ན་ལུང་གི་དབང་དུ་བྱས་ཏེ་སྡེ་སྣོད་གསུམ། རྟོགས་པའི་དབང་དུ་བྱས་ཏེ་བསླབ་པ་གསུམ། ཇི་ལྟར་དུ་ལེན་ན་ཚིག་བློ་ལ་བཟུང་སྟེ་གཤར་སྦྱང་དང་། དོན་སེམས་ལ་སྐོར་ཏེ་ལག་ལེན་ལ་འདེབས་པ་རང་ཡིན། དེ་ཡང་གཟུགས་ལ་བལྟ་བ་ལ་མིག་གལ་ཆེ་བ་བཞིན།ཀུན་བྱང་ལ་འཇུག་ལྡོག་བྱེད་པ་ལ་ཐོག་མར་ཡང་དག་པའི་རིགས་པས་ཤེས་པར་བྱ་བ་ཇི་ལྟ་བ་དང་ཇི་སྙེད་པ་རྣམ་པར་འབྱེད་པའི་ཆོས་ཀྱི་མིག་ནི་སྤྱིར་ན་མངོན་པ་དང་།དེའི་ནང་ནས་ད་ལྟ་ལྐོག་ཏུ་གྱུར་པའི་དོན་དཀོན་མཆོག་གསུམ་པོ་རིགས་པའི་ཆེད་དུ་བསྒྲུབ་ནས་རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུའི་འཇུག་ངོགས་གཅིག་ཏུ་ངེས་པར་བྱེད་པའི་ཚད་མ་ནི། ཤིན་ཏུ་ངོ་མཚར་ཞིང་མེད་མི་རུང་པ་ཡིན་པས། ཁྱོད་བློ་ཚད་མའི་གཞུང་ལ་ཅུང་ཟད་ཟུག་པ་ཤིན་ཏུ་སྐལ་བ་བཟང་ན་རྟོག་གེའི་ཚིག་དོན་བརྒྱད་པོའི་དགོས་དོན་མཆོག་གསུམ་འགྲུབ་པའི་ཐབས་སུ་དྲིལ་བ་ཤིན་ཏུ་གལ་ཆེ་བས། ཚད་མའི་དབུ་གཞུང་མཇུག་གསུམ་རྗེའི་ལམ་ཊཱིཀ་ལྟར་ཉམས་ལེན་ལ་དྲིལ་ལུགས་ལ་རྟོག་དཔྱོད་མཛོད། དེ་ལྟར་ན་ལམ་གཞན་དུ་ནམ་ཡང་བསྒྱུར་མི་བཏུབ་པའི་རིགས་སྟོབས་ཀྱིས་ངེས་ཤེས་གཏིང་ཚུག་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་བ་དེ་འོང་བ་རེད། དེ་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་པོ་ཆེ་ཐེག་པ་མཆོག་གི་ཉམས་ལེན་གྱི་ཆུ་ཕྲན་མཐའ་དག་འདུས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། འདི་ནི་མདོ་སྡེ་ཐམས་ཅད་ཀྱི་རབ་དང་ཕུལ་སོགས་ཡིན་ཞིང་ཏིང་ངེ་འཛིན་གྱི་སྒོ་ཡང་རྒྱ་ཆེན་པོ་སྟོན་ལ། དེའི་ཟབ་མོ་བལྟ་བར་དཀའ་བའི་གནས་ལ་སོགས་སུ་བཀོལ་བ་སྒྲིབ་གཉིས་དངོས་སུ་འབྱིན་པའི་སྙིང་པོ་དམ་པ་ནི་དབུ་མ་ཡིན་ལ། འདི་ཇི་ལྟ་བ་གཙོ་བོར་གཏན་ལ་འབེབས་པ་མངོན་པར་བསྡུས་ཀྱང་ཆོག་ལ། ཟབ་མོའི་ཏིང་འཛིན་རྩལ་དུ་འདོན་པས་མདོ་སྡེར་བཞག་ན་ལེགས་འདུག་པས་དབུ་ཕར་གཉིས་མདོ་སྡེའི་སྡེ་སྣོད་ཡིན་ནོ། །ཚད་མའི་རིགས་པས་མིག་ཕྱེས་ཏེ་གང་ལ་བལྟ་བའི་འཇུག་ངོགས་ནི་འདི་གཉིས་ཡིན་ལ། དེ་ ལ་བལྟ་བའི་ཚེ་གཙོ་བོར་ལུས་ངག་གི་སྤྱོད་པ་ཉོན་མོངས་དང་འབྲེལ་བའི་མཐའ་གཉིས་སུ་མ་ལྷུང་པར་ཇི་ལྟར་སྤྱོད་པའི་ཚུལ་ནི་འདུལ་བ་ཡིན་པས་བཀའ་པོད་ལྔ་སྔས་སུ་བཅུག་ནས་ཉམས་ལེན་གྱི་ཆོས་ཀྱིས་ཕོངས་མི་དགོས་པ་ནི་རིན་པོ་ཆེའི་གླིང་དུ་སླེབ་ན་ནོར་བུ་མིན་པ་གང་ཡང་མི་རྙེད་པ་དང་འདྲ་ན་དེ་ངོ་ཤེས་དགོས། བཀའ་པོད་ལྔ་པོ་དེ་ཉི་མ་དེ་རིང་ཙམ་ནས་ཐུན་རེ་རེ་བཞིན་དུ་སྟན་ཐོག་གཅིག་གི་ཉམས་ལེན་དུ་འུབ་ཀྱིས་བསྡུ་བའི་མན་ངག་ནི་སྐྱེས་བུ་གསུམ་གྱི་ལམ་རིམ་ཡིན། འདིར་ཡང་ལམ་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་སོགས་ཡིན་མོད། ལས་དང་པོ་པ་ལ་གལ་ཆེ་བའི་ཉམས་ལེན་ནི་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་ཁོ་ན་ཡིན་པས་ཐོག་མར་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་གལ་ཆེ། དེ་ལ་མི་རྟག་པ་མང་དུ་སེམས་དགོས་པར་གདའ། འདིའི་ཁུངས་ཡང་མཁྱེན་གསུམ་གྱི་ཉམས་ལེན་ཐམས་ཅད་ཀྱི་ཐོག་མ་མེད་པའི་རྣམ་པ་ཡིན་པ་དེར་གདའ། དེས་ན་རྩ་བ་གསུམ་དང་རྒྱུ་མཚན་དགུའི་སྒོ་ནས་ཡང་ཡང་སོམས་ལ་ཆོས་ལ་བློ་ཐག་བཅད་པ་གསུམ་པོ་དེ་ཤིན་ཏུ་བརྟན་པོ་ཞིག་ཨེ་འོང་ལྟོས། འདི་ཐོག་མར་གལ་ཆེ་བའི་ཆོས་ལ་བསྐུལ་བའི་ལྕགས་ཡིན། ཐོག་མ་ཙམ་དུ་མ་ཟད་མི་རྟག་པའི་ཡིད་འཁུལ་བའི་ངེས་ཤེས་ཀྱི་རྒྱུན་ཡོད་པ་དེ་སྲིད་དུ་ཆགས་སྡང་རགས་པ་ལ་སོགས་པའི་ཉོན་མོངས་མང་པོའི་མགོ་གནོན་ཞིང་། སྡིག་ལྟུང་མང་པོ་ཡང་འཆགས་སྡོམ་ནུས་པས་སྟོང་ཉིད་བྱང་སེམས་ལས་ཀྱང་ཐོག་མར་འདི་དྲག། །དེ་ནས་རིམ་པས་ཤེས་འོང་ཞིང་ལབ་ཆོག་པས་གནས་སྐབས་དེ་ལྟར་མཛོད། ཁ་ཏོན་དགེ་སྦྱོར་གྱི་རིམ་པ་ལ། དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་བླ་མ་དང་རྗེ་རིན་པོ་ཆེ་དབྱེར་མེད་དུ་གྱིས་ལ་གསོལ་འདེབས་དམིགས་བརྩེ་མས་གསོལ་བ་ཤུགས་དྲག་ཏུ་ཐོབས། ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བྱེད་དགོས་པས་གནས་སྐབས་རྒྱས་བསྡུས་འཚམ་པ་རེ་ཐོན། ཆོས་སྲུང་ལ་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་བསྟེན་དགོས་པས། མྱུར་མཛད་མ། བརྐྱངས་བསྐུམ་མ། མི་འཇིགས་སེངྒེ་མ་སོགས་མ་ཆགས། མདོར་ན་ཆོས་ལུགས་ལ་ཕྱོགས་རིས་སུ་གཅོད་མི་རུང་པར་ཀུན་ལ་དག་སྣང་སྦྱང་དགོས་ཀྱང་། རང་གི་ཉམས་སུ་ལེན་རྒྱུའི་རྩ་བ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྙན་བརྒྱུད་གྱི་མན་ངག་འདི་དག་གིས་བྱེད་དགོས། དེའི་རྒྱུ་མཚན་ཡང་ད་ལྟ་བོད་གངས་ཅན་ན་རྒྱ་གར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོའི་རང་ལུགས་བྱིན་རླབས་ཀྱི་ངད་མ་ཡལ་བ་ཟབ་རྒྱས་གང་ས་ནས་ཚངས་ལ་མ་ནོར་བར་ཡོད་པ་འདི་ཁོ་ན་ཡིན། གཞན་ཚོ་བཟང་ཡང་སྐལ་ལྡན་གྱི་སྤྱོད་ཡུལ་དུ་སོང་བ་སོགས་མདོར་ན་ལས་དང་པོ་བས་ས་ནས་སངས་རྒྱས་ཀྱི་བར་བགྲོད་པའི་བརྒྱུད་པ་བར་མ་ཆད་པའི་གདམས་ངག་ཐུབ་བསྟན་སྤྱིའི་དབང་དུ་བྱས་པ་ཞིག་དུས་དབང་གིས་མི་བཞུགས་བློ་དྲང་པོའི་གཏམ་ཡིན། གཞན་ཚོའི་དེ་འདྲ་གོ་ན་ཧ་ལས་རྒྱུ་རེད་དེ། ཧ་ལས་རྒྱུ་མེད། ཞིབ་ཏུ་བརྟགས་ན་ངེས་པར་ཡིན། ངེད་ཀྱི་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཟབ་མོ་ལྟ་བའི་སྐོར་ལ་བལྟ་བའི་ཡིག་ཆ་གཅིག་ཀྱང་དགེ་ལྡན་པའི་མིང་ཐོག་མ་ཐོག་དང་། ཞྭ་སེར་མི་སེར་ལ་ཁྱད་པར་ཡོད་གསུངས་ཏེ། དེ་ཤིན་ཏུ་ཐུགས་དག་པ་དེང་སང་གོ་ཡང་། རྡོ་རྗེ་འཆང་དེ་ཉིད་ཀྱིས་ཆོས་ལུགས་དང་གྲུབ་མཐའ་མང་ཞིང་འཐེན་འཁྱེར་ཆེ་ཡང་ག་ལེར་ག་ལེར་རྟོགས་དང་བུ་ཆུང་ལ་བུ་རམ་སྦྱིན་པ་ལྟར་ཆོག་ཤེས་མེད་པ་ཞིག་རྗེ་བླ་མའི་ལུགས་འདིར་གོ་རྒྱུ་ཡོད་གསུངས་ཏེ་ད་ཙམ་ན་དད་གུས་གཞན་ཚོས་བསྒྱུར་མི་བཏུབ་པ་རེ་འོང་གི་འདུག། ཁྱོད་ཀྱང་ངའི་སྙིང་ལྟར་བརྩེ་ཞིང་ང་ལ་ཡང་བླ་མའི་འདུ་ཤེས་ཤིག་འཆར་གིན་ཡོད་ན། འཇིག་རྟེན་གྱི་ཞེན་ཁ་དང་། ཕ་མེས་སྔ་རབས་ཀྱི་ལུགས་ཀ་སོགས་གཙོར་འདོན་མི་བྱེད་པར་ཆོས་རྣམ་དག་ཅིག་ཨེ་འགྲུབ་བསམ་ཡོད་པས། དེ་ལྟ་ན་འཇིག་རྟེན་མི་གཙོ་བར་ཆོས་དབང་བཙན་པར་བྱེད་པ་དང་། བློ་སྙིང་གཏིང་ནས་གཏོད་ཚེ་ངས་ཀྱང་འཇིག་རྟེན་གྱི་ངོ་འཛིན་མིན་པར་ཁོང་གི་སྙིང་ཕྱུང་བ་ལ། ཁྱོད་རི་བོ་དགེ་ལྡན་པའི་བཀའ་བརྒྱུད་རིན་པོ་ཆེ་འདིར་འཇུས་ནས་མ་བཏང་བ་ཞིག་གལ་ཆེ་ཞེས་གདམ་རྒྱུ་ཡིན། གསང་བའི་གཏམ་ཡིན། ངེད་ཀྱི་སྐྱབས་རྗེ་མཆོག་དེ་ཡང་ཆོས་ལུགས་ཀུན་འཛིན་ཞིང་གཞན་ལ་སྤེལ་ཡང་ཐུགས་ཀྱི་གཏིང་ན་ཡོད་ཚུལ་ནི་འདི་ཡིན། ང་ལ་ཡང་འདི་འདྲ་མང་པོ་གསུང་མྱོང་།སུ་ཡིན་ལ་གསུང་དེ་འདྲ་མི་འབྱོན། ངའི་ཁོང་ན་ཡོན་ཏན་སྣ་གཅིག་ངེས་པར་མེད་ཀྱང་། ཁྱོད་རང་གི་བླ་མར་མཐོང་བ་ལ་མི་ལེགས་པ་མེད། ང་རང་མི་བར་ཁྱིས་ཆོད་པའི་དཔེར་སོང་ཀྱང་ངའི་རྡོ་རྗེ་འཆང་དེས་ང་ལ་སྒྲིབ་གཡོགས་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཡོད་རྒྱུ་ཞིག་ཡིན་ཏེ། དཔེར་ན་ཕ་ཡི་བུ་གཅེས་རིང་ཐུང་གང་ན་ཡོད་ཀྱང་ཡིད་ལ་བཅག་པ་དང་འདྲ་བར་ཐུགས་ཅུང་ཟད་ཙམ་ཡང་མ་སུན་པའི་བུ་གཅེས་ཤིག་ང་རང་ཡིན། དེའི་མཐུས་ཁྱོད་ཀྱང་ཨ་མྱེས་ཚ་བོ་ལ་བརྩེ་བ་ལྟར་དགོངས་གཟིགས་མཛད་ཡོད་པས་གསོལ་བ་ཐོབ་དང་བྱིན་རླབས་ང་རང་བརྒྱུད་ནས་འཇུག་མི་འཇུག་ལ་ཐེ་ཚོམ་མེད། ངའི་མཚམས་གཟུགས་གྲོལ་ནས་ཞིབ་པར་བླ་མའི་གསུང་སྒྲོས་མདོ་སྔགས་ཀྱི་གནད་གང་ཤེས་ཁྱོད་ལ་སྟོན་པས་ད་རེབ་མང་པོ་མི་བྲི། ཆོས་ཅུང་ཟད་སྒྲུབ་པ་ལ་ཚེ་གལ་ཆེ་བས་ཚེ་མདོ་ཅིས་ཀྱང་གཟོབ་ལ་ཐོན།རིགས་ལྔའི་དམ་ཚིག་བཅུ་དགུ་ཙམ་མ་ཡིན་པར་རིགས་ལྔ་སྤྱི་དང་སོ་སོ་རྩ་བ་དང་ཡན་ལག དེར་མ་ཟད་བྱང་སེམས་དང་། སོ་ཐར། སྐྱབས་འགྲོའི་བསླབ་བྱ་བཅས་ལ་ཉི་མ་རེ་རེ་བཞིན་བལྟ་རྟོགས་ལེགས་པོ་གྱིས་ལ། འགལ་བ་རྣམས་ཕྱིར་བཅོས་དང་། ཕྱིན་ཆད་སྡོམ་བློ། མ་འགལ་བ་རྣམས་ལ་རྗེས་སུ་ཡི་རངས་དང་། དགེ་རྩ་རྫོགས་བྱང་དུ་བསྔོ་བ་སོགས་ཀྱིས་འོ་སྐོལ་གཉིས་མ་ཟད་ཇོ་བོ་ཆེན་པོས་ཀྱང་དེ་ལྟར་མཛད་ན་ཉམས་ལེན་གྱི་སྙིང་པོ་མ་ནོར། བྱམས་སྙིང་རྗེ་བྱང་སེམས་སྟོང་ཉིད་ཀྱི་ལྟ་བ་སྒོམ་བྱའི་གཙོ་བོ་ཡིན་ཀྱང་། ལས་དང་པོ་བའི་བློ་ཆོས་སུ་འགྲོ་བའི་ཐབས་གལ་པོ་ཆེ་དལ་འབྱོར་རྙེད་དཀའ་དང་། ཁྱད་པར་དུ་འཆི་བ་མི་རྟག་པ་སྒོམ་པ་འདི་ཡིན་པས་མི་རྟག་པའི་འདུ་ཤེས་འདི་ཡང་ནས་ཡང་དུ་སོམས། རེ་ཤིག་ལ་སྟོང་ཉིད་སྒོམ་པ་བས་རང་རྒྱུད་ཀྱི་ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་འདི་ཁོ་ན་ཟབ། བྱང་ཆུབ་ཀྱི་སེམས་ཀྱང་ཤིན་ཏུ་བཟང་མོད། འོན་ཀྱང་། རང་གི་དོན་དུ་འདི་འདྲའི་སེམས།སོགས་གསུངས་པ་ལྟར་རང་རེ་རང་གི་ཚེ་ཕྱི་མའི་དོན་ལ་ཡང་རྟོག་དཔྱོད་མི་འཇུག་པ་ཞིག་ལ་དེ་ཙམ་ཟབ་རྒྱུ་མེད། དེའི་རྒྱུ་མཚན་གྱིས་ལམ་ལ་གོ་རིམ་ངེས་པ་ཟེར་བ་དེ་འོང་པ་རེད། གལ་ཆེ་བ་མི་རྟག་པའི་འདུ་ཤེས་དང་མ་བྲལ་དང་དེའི་ཚེ་འདིའི་སྣང་ཤེས་ངན་པ་འདི་ཕྱིའི་དོན་གལ་པོ་ཆེ་བརླག་པའི་ཆོས་བརྒྱད་རྣམ་རྟོག་གི་འདྲེ་ངན་འདུལ་ནུས་པས་དེ་ནས་ད་ཅི་བྱས་བྱས་ཡིན། སྐུ་ཚེ་རིང་། ཁྱོད་བློ་ཤེལ་དཀར་ཁང་པ་རུ། །བླ་མའི་ཐུགས་རྗེ་བྱིན་རླབས་མཐུས། །ཟབ་རྒྱས་གཟུགས་བརྙན་འབུམ་རྫོགས་ནས། །ཆོས་ཀྱི་ལྟད་མོ་མཐོང་གྱུར་ཅིག། །སྙིང་གི་བུ། རེ་ཞིག་དེ་ཙམ་གྱིས་གདམས་ངག་གི་བྱ་བ་གྱིས།། །། 

 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།