འཕགས་མ་དབྱངས་ཅན་མའི་ཐུགས་རྒྱུད་བསྐུལ་བའི་གླུ་ཕྲེང་འཆི་མེད་རོལ་མོ་ཞེས་བྱ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 22:07:54     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

     ༄༅། །ཨ་ཧོ། ཨོཾ་ཡིག་བདེ་སྟོང་ཡེ་ཤེས་འགྱུར་མེད་ཀྱི་ལང་ཚོ། །ཕུལ་བྱུང་སྒྱུ་འཕྲུལ་དྲ་བའི་མཚན་དཔེ་ལ་ཡོངས་ཤར། །མི་ཤིགས་སྐུ་ཡི་རྡོ་རྗེ་དབྱངས་ཅན་མར་འདུད་དོ། །ཡེ་ཤེས་ལུས་མཆོག་གཞོན་ནུས་དངོས་གྲུབ་ཅིག་སྩོལ་དང་། །སྭ་ར་སྲིད་ཞིར་མི་གནས་བྱང་སེམས་ཀྱི་ལམ་དག། །གསུང་གསང་རྣམ་པ་ཀུན་གྱི་སྒྲ་དབྱངས་ལ་འཇེབས་པའི། །འགག་མེད་གསུང་གི་རྡོ་རྗེ་དབྱངས་ཅན་མར་འདུད་དོ། །སྙན་འཇེབས་ཡན་ལག་དྲུག་ཅུའི་དངོས་གྲུབ་ཅིག་སྩོལ་དང་། །སྭ་སྟི་བདེ་ལེགས་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན། །འགྱུར་མེད་བདེ་དང་སྟོང་པ་ཟུང་འབྲེལ་གྱི་བདག་ཉིད། །མཁྱེན་བརྩེའི་ཐུགས་ཀྱི་རྡོ་རྗེ་དབྱངས་ཅན་མར་འདུད་དོ། །འཆི་མེད་དོན་དམ་ཡེ་ཤེས་དངོས་གྲུབ་ཅིག་སྩོལ་དང་། །ཧྲཱིཾཿཞེས་ཡེ་ཤེས་ལྔ་ལྡན་འོད་གསལ་གྱི་ཕྱག་རྒྱས། །སྲིད་ཞིའི་གདུང་བ་སྐྱོབ་པའི་ཡིད་བཞིན་གྱི་འདོད་སྟེར། །དཔལ་ལྡན་ཡོན་ཏན་རྡོ་རྗེ་དབྱངས་ཅན་མར་འདུད་དོ། །སྤངས་རྟོགས་མཆོག་ཏུ་གྲུབ་པའི་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་མཆོག་ཏུ་ཞི་བའི་ཡེ་ཤེས་ཀྱི་རོལ་པ། །བརྟན་གཡོ་ཀུན་ལ་ཁྱབ་པའི་ཀུན་བཟང་གི་རྩེ་དགའ། །ལྷུན་གྲུབ་འཕྲིན་ལས་རྡོ་རྗེ་དབྱངས་ཅན་མར་འདུད་དོ། །རྟག་ཁྱབ་རྩོལ་མེད་མཛད་པའི་དངོས་གྲུབ་ཅིག་སྩོལ་དང་། །གསང་བ་བསམ་ལས་འདས་པའི་བདག་ཉིད་ཀྱི་དགའ་མ། །ཆགས་བྲལ་ཆགས་པ་ཆེན་པོའི་རང་བཞིན་གྱི་གློག་ཕྲེང་། །ཉམ་ཐག་གསོལ་འདེབས་བུ་ཡི་བློ་གྲོས་ལ་འཁྱུད་པའི། །དོན་གཉིས་དག་བྱེད་རྒྱུན་གྱི་དངོས་གྲུབ་ཅིག་སྩོལ་དང་། །ཨེ་མ་སྣང་དང་སྟོང་པ་ཟུང་འཇུག་གི་ཡེ་ཤེས། །རབ་མཛེས་མཚན་དཔེར་ཤར་བའི་ཟློས་གར་གྱི་སྣང་བརྙན། །རང་སྣང་རིག་འཛིན་དགའ་ཚལ་འོ་མཚོ་ལ་མངའ་བའི། །འཕགས་མ་ཁྱོད་ཀྱི་ཞབས་དང་འབྲལ་མེད་དུ་ཤོག་ཅིག། །ཅེས་པ་འདི་ཡང་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ངག་གི་ལྷ་མོ་དབྱངས་ཅན་མའི་རྣལ་འབྱོར་ལ་བརྩོན་པའི་བཙུན་པ༧འཇམ་དཔལ་དགྱེས་པའི་བློ་གྲོས་ཚངས་སྲས་སྙེམས་པའི་སྡེ་རུ་འབོད་པའི་རང་ལོ་བཅུ་བདུན་པ་ས་ལུག་སྟོན་ཟླ་འབྲིང་པོའི་དམར་ཕྱོགས་ཀྱི་ཚེས་ལ་རིག་འཛིན་དགའ་བའི་ཚལ་གཉིས་པ་སྙན་རི་རྡོ་རྗེ་འདྲ་བའི་བཤད་སྒྲུབ་ཀྱི་བསྟི་གནས། རིགས་ཐམས་ཅད་ཀྱི་བྱེད་པོ་འཇམ་མགོན་བླ་མའི་ཞབས་པད་རོལ་བའི་ག་ལ་བ་དེར་གུས་པ་ཆེན་པོས་གསོལ་བ་བཏབ་པ་བདེ་ལེགས་སུ་གྲུབ་པར་གྱུར་ཅིག། །

     སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །འཇམ་པའི་རྡོ་རྗེར་ཡོངས་ཤར་བ། །གང་དེའི་ངེས་དོན་ཟབ་མོའི་སྲོག། །བློ་མཆོག་ཡི་གེ་དྷཱིཿལ་འདུད། །དྷཱིཿནི་བློ་གྲོས་དམ་པའི་སྒོར། །མཁས་པ་རྣམས་ཀྱིས་བཞེད་པའི་ཕྱིར། །འདིར་ནི་སོ་སོ་རང་རིག་གི །བློ་གྲོས་ཟབ་དང་རྒྱ་ཆེས་དབྱེ། །ཟབ་མོའི་བློ་གྲོས་བལྟ་དཀའ་བ། །དྲི་མེད་རིགས་པའི་གསེར་ཐུར་གྱིས། །མ་རིག་ལིང་ཏོག་ཡོངས་བསལ་ཏེ། །ལྟོས་དང་དྷཱིཿདོན་མཐོང་བར་གསུངས། །དེ་ཚེ་སྤྲོས་དང་བྲལ་བའི་ངོར། །འཁོར་འདས་ཤེས་བྱའི་ལྟད་མོ་ཀུན། །ན་བུན་ལྟར་དུ་ཡལ་བའི་ཕྱིར། །དངོས་སྣང་མཐའ་དག་སྒྱུ་མར་ཟད། །འོན་ཀྱང་རྒྱུ་རྐྱེན་ཆ་ཤས་ལ། །ལྟོས་པའི་སྣང་ཙམ་མ་འགག་པ། །འདི་ལ་ཚད་མས་མི་གནོད་པས། །མིང་རྐྱང་བཏགས་ཡོད་ཙམ་དུ་གྲུབ། །ཨེ་མ་འདི་འདྲའི་བློ་མཆོག་ནི། །དྷཱིཿཡིག་ཟབ་མོའི་ངེས་དོན་ཏེ། །ཇི་བཞིན་འཇལ་བའི་མི་རྟོག་པ། །སོ་སོར་རྟོགས་པས་འདྲེན་འདི་མཚར། །བློ་གྲོས་དེ་ཡིས་འཁྲུལ་བའི་མཚངས། །གཅོད་པའི་རྒྱབ་རྟེན་དཔུང་ཤུགས་ནི། །སྙིང་རྗེ་ཆེན་པོའི་གསེར་འགྱུར་རྩིར། །རྒྱལ་བ་སྲས་བཅས་དགོངས་པ་གཅིག། །དེ་སླད་ཐོག་མཐའ་བར་གསུམ་དུ། །གཅེས་པ་སྙིང་རྗེ་ཆེན་པོའི་བློ། །ཕྱོགས་རིས་མེད་པས་རྒྱ་ཆེ་བ། །འདི་ཀོ་ཐབས་ཀྱི་རྩ་བ་ཡིན། །བློ་གྲོས་གཅིག་ལ་བྱེད་ལས་གཉིས། །ཚངས་པས་སྲིད་ཞིའི་མཐའ་འགོག་པ། །འདི་འདྲ་ཕ་རོལ་ཕྱིན་ལུགས་ཀྱི། །དྷཱིཿཡིག་དོན་ཏེ་རྟོགས་གོམས་མཛོད། །

གསང་བ་སྔགས་ཀྱི་སྲོག་གི་དྷཱིཿ བརྒྱུད་པའི་ཐབས་ཙམ་མ་ཡིན་པར། །གཞན་དོན་སྒྱུ་འཕྲུལ་དྲ་བའི་སྐུ། །ཡེ་ཤེས་ཉིད་ཀྱི་གཟུང་རྣམ་དུ། །ཤར་བའི་ཟབ་གསལ་གཉིས་མེད་ཀྱི། །བློ་མཆོག་ཐབས་ཤེས་དྲིལ་བའི་དྷཱིཿ ཚོགས་གཉིས་རྫོགས་པའི་འཕྲུལ་ཆེ་བ། །ཨ་ཧོ་འདི་ནི་རྨད་དུ་བྱུང་། །ཁྱད་པར་ཐབས་ཤེས་སྟོབས་བརྟས་ཕྱིར། །གཉེན་པོའི་རྣོ་ནུས་ངར་ཆེ་བས། །ངོ་མཚར་གཉུག་མའི་སེམས་ཀྱི་དྷཱིཿའབྱིན་པ་གསང་ཆེན་ཟབ་མོའི་གནད། །དེ་ཚེ་ཀུན་རྟོག་གློ་བུར་བའི། །སྙིགས་མ་སྤང་པའི་བདེ་ཆེན་དྷཱིཿ མཁའ་ཁྱབ་སྐུ་དང་ཡེ་ཤེས་སུ། །སད་པ་ཐེག་མཆོག་མཐར་ཐུག་ལགས། ། 1དེ་སྐད་འཇམ་དབྱངས་ཐུགས་སྲོག་དྷཱིཿ བློ་གྲོས་བྱེ་བ་དབྱེ་བའི་སྒོ། །ས་བོན་ཙམ་དུ་མཚོན་པ་འདིས། །རྗེ་བཙུན་ཐུགས་དགོངས་རྫོགས་གྱུར་ཅིག། །རང་སྤྱིའི་མཚན་ཉིད་རྣམ་འབྱེད་པའི། །ཤེས་རབ་འོད་སྟོང་འཕྲོ་བ་ཡི། །དྷཱིཿཡིག་ཉིན་མོར་བྱེད་པ་ཉིད། །སྙིང་གི་པདྨར་འབྲལ་མེད་ཤོག། །ཅེས་པ་འདི་ནི་དྷརྨ་སཱ་རའི་མིང་གིས་བྲིས་པ་དགེ།

 ས་སྐྱ་པཎ་ཆེན་གྱི་ཞལ་ནས། བློ་མཆོག་ཡི་གེ་གཅིག་གམ་ལེགས་པར་སྦྱར་བའི་སྐད་དུ། དྷཱིཿནི་བློ་ལ་འཇུག་ལ་ཞེས་གསུངས། བྱིངས་སྒྲུབ་བྱས་ན། བྱིངས་མདོ་ལས། དྷྱཻ་སེམས་པ་ལའོས་དྷྱཻ་བཞག། ཀཱ་ལ་པའི་ཀྲྀ་གསུམ་པར།ཀྭིས྄འང་ངོ་ཞེས་པས་ཀྭིས྄་བྱིན། དུར་སིང་དུ། བཤད་པ་ལས་སཾ་པྲ་པཱ་ར་ཎར་གྲུབ་པོ། །ཞེས་པའི་ཡ་ཡིག་དབྱངས་བཅས་ཨི་རུ་བསྒྱུར། ཀཱ་ལ་པར། དྷྱ་སྱཱེ་དག་གི་འོ་ཞེས་པས་དྷའི་སྲོག་ཀྭིས྄་ཕྲོལ་ལ་རིང་པོར་སོང་། གང་རྗེས་སུ་འབྲེལ་བ་དེ་ནི་མི་སྦྱོར་རོ། །ཞེས་དང་སྦྱར་བ་མ་ཡིན་པའི་ཝའི་དབྱིའོ་ཞེས་པའི་ཀྭིས་ཕྱིས། སི་བྱིན་པས་དྷཱི་བློ་གྲོས༽གྲུབ་པོ།།

      རྗེ་དང་པོའི་སངས་རྒྱས་རྡོ་རྗེ་འཆང་། །མགོན་མི་ཡི་རྣམ་པར་རོལ་པའི་གར། །ཆོས་མདོ་སྔགས་བདུད་རྩིའི་ཆར་འབེབས་པའི། །མཚན་བརྗོད་པར་དཀའ་བ་རིན་པོ་ཆེ། །རྗེ་ལེགས་བཤད་རྒྱ་མཚོ་དཔལ་བཟང་པོ། །ཁོང་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྐུ། །ཆོས་སྨིན་གྲོལ་གང་འདོད་རྩོལ་བའི་གསུང་། །བུ་གཅིག་བཞིན་བྱམས་བརྩེས་དགོངས་པའི་ཐུགས། །སྒོ་གང་ནས་བསམ་ཀྱང་ཡིད་བཞིན་ནོར། །བསྟན་འགྲོ་ཡི་དཔལ་མགོན་མཚུངས་པ་མེད། །རྗེ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཅན། །སྒོས་སྐལ་དམན་བདག་གི་སྐྱབས་གཅིག་པུ། །དུས་ད་ལྟ་གློ་བུར་ཞི་དབྱིངས་སུ། །གཤེགས་པ་ཡི་ཚུལ་འདིས་ཡིད་སྐྱོ་སྟེ། །ཉམ་ཐག་བཞིན་གདུང་བས་འབོད་ལགས་ན། །ཟག་མེད་ཀྱི་དབྱིངས་ནས་ཡུད་ཙམ་དགོངས། །སེམས་ཀུན་རྟོག་གིས་མ་བསླད་གཉུག་མའི་གཤིས། །ཐབས་གསང་ཆེན་གྱི་བཟོ་བོའི་འཕྲུལ་འདེགས་ལས། །ལྷ་ཟུང་འཇུག་གི་ངོ་བོར་བཞེངས་པ་ཡི། །སྐྱབས་རྒྱལ་བ་རྒྱ་མཚོའི་རྣམ་གྲངས་ཀུན། །རྗེ་ཁྱོད་ལས་གཞན་དུ་མེད་ཅེས་ཏེ། །ལུང་རིགས་པ་བརྒྱ་ཡིས་གྲུབ་མོད་ཀྱང་། །ཐ་མལ་དུ་འཛིན་པའི་ལོག་རྟོག་མཁན། །བདག་འདྲ་ལ་བྱིན་རླབས་ཇི་ལྟར་འཇུག། །ད་འོན་ཀྱང་མོས་གུས་ཕྲ་མོའི་ཆུས། །སེམས་ཅུང་ཟད་བརླན་པའི་ཞིང་ས་འདིར། །མགོན་ཁྱོད་ཀྱི་གསང་གསུམ་ཉི་མའི་འོད། །དུས་དེང་ནས་རོ་གཅིག་འཇུག་པར་ཞུ། །ཆོས་མདོ་སྔགས་ཀྱི་ཉམས་རྟོགས་སྐྱེ་བའི་གེགས། །ཚེ་འདི་སྣང་ལ་ཞེན་པའི་རྟག་འཛིན་བདུད། །འདུས་བྱས་ཀྱི་སྣང་ཚུལ་འདི་འདྲ་བ། །ཆེས་མཐོང་ནས་ཐུལ་བར་བྱིན་གྱིས་རློབས། །ལམ་ཟབ་མོ་བརྒྱ་ཡི་འགག་གཅིག་པུ། །རྒྱུ་འབྲས་ཀྱི་ཐེག་པ་ཀུན་གྱི་སྲོག། །ཐབས་བླ་མེད་བྱང་ཆུབ་སེམས་མཆོག་དེ། །ཕ་ཁྱོད་བཞིན་རྒྱུད་ལ་སྐྱེ་བར་ཤོག། །ཡང་གང་སྣང་ཚུགས་ཐུབ་བདེན་པའི་དངོས། །དཔལ་ཀླུ་དབང་ཟླ་བའི་མན་ངག་བཞིན། །གཤིས་སྟོང་བར་ལན་ཚྭ་ཆུར་བཞུ་ལྟར། །དམིགས་གཏད་དེ་ད་ནས་འཇིག་པར་ཤོག། །ཡུལ་རང་སྟེང་ནས་ཅི་ཡང་མི་རྙེད་པའི། །མཐའ་བྲལ་གྱི་ 1སྟོང་པའི་རྣམ་འགྱུར་ཉིད། །མིང་ཙམ་གྱི་ཕར་བཏགས་འཁོར་འདས་ལ། །སྤང་བླང་གི་ངེས་ཤེས་རྙེད་པར་ཤོག། །ཆོས་སྣང་སྟོང་གཉིས་གཅིག་གྲོགས་གཅིག་ཤར་བས། །དཔལ་ཚོགས་གཉིས་ཀྱི་ཉམས་ལེན་དམ་པའི་ཁམས། །ཐབས་རིམ་གཉིས་ཟབ་མོས་ཁ་བསྒྱུར་ཏེ། །ཆེས་མྱུར་བར་རྫོགས་སངས་རྒྱ་བར་ཤོག། །ཆོས་ཟབ་མོ་སྐྱེས་བུ་གསུམ་གྱི་ལམ། །མགོན་ཨ་ཏི་ཤ་དང་རྗེ་བླ་མས། །ཕྱི་རབས་ཀྱི་བཙས་སུ་བཞག་པ་བཞིན། །རྗེ་ཁྱོད་ཀྱིས་དགྱེས་བཞིན་གནང་བ་འདིས། །དུས་ད་ནས་ཚེ་རབས་ཐམས་ཅད་དུ། །ཡོངས་མི་འབྲལ་སྙིང་གི་བཅུད་བྱས་ཏེ། །མགོན་ཁྱོད་ཀྱི་ཐུགས་དགོངས་རྫོགས་ནུས་པའི། །སྒྲུབ་པ་ཡི་རྒྱལ་མཚན་ཚུགས་པར་ཤོག། འཁོར་བ་རུ་འཁོར་བའི་སྐབས་ཀུན་ཏུ། །རྗེ་ཁྱོད་དང་ནམ་ཡང་མི་འབྲལ་བར། །ལམ་སྟོན་གྱི་དགེ་བའི་བཤེས་མཛད་ནས། །བསམ་སྦྱོར་གྱིས་ཚུལ་བཞིན་བསྟེན་པར་ཤོག། །ཡང་གནས་སྐབས་མཐའ་འཁོབ་གདུལ་དཀའི་འགྲོ། །ཐུགས་བརྩེ་ཆེན་གྱི་ཀློང་ནས་མི་འདོར་བར། །བསྟན་འགྲོ་ཡི་མགོན་དུ་སྤྲུལ་པའི་སྐུ། །དུས་ད་ལྟ་གེགས་མེད་འབྱོན་པར་ཞུ། །དབྱིངས་མཁའ་ལ་ཐུགས་རྗེའི་ཆུ་འཛིན་འཁྲིགས། །བྱིན་རླབས་ཀྱི་ཆར་རྒྱུན་སིལ་བུར་བབས། །རྒྱུད་དགེ་བའི་མེ་ཏོག་ཆེས་བཀྲ་སྟེ། །ལེགས་ཚོགས་ཀྱི་རྟེན་འབྲེལ་དར་བར་ཤོག། །ཅེས་པ་འདི་ཡང་གུས་སློབ༧དྷརྨ་སཱ་རས་གདུང་དབྱངས་སུ་བྱས་པའོ། །དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།