ཟབ་དོན་གྱི་གླུ་ཡི་རོལ་མོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:56:44     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུལ།    ཀློག་ཐེངས།  

         ཨ་ཧོ་ཡེ་དཀོན་མཆོག །བྱིན་རླབས་ཀྱི་སྣ་རིང་། །ཁྱོད་ཉིད་ལ་དད་ཀྱིས། །སེམས་རྒྱུད་ལ་ཕེབས་ཤོག། །འཁོར་བ་འདིར་འཁོར་ཚེ། །ཚེ་རབས་ནི་དུ་མར། །ལས་འབྲེལ་དེ་ཟབ་པའི། །སྙིང་གྲོགས་ཁྱེད་གསོན་དང་། །མཚན་ལྡན་གྱི་དམ་པའི། །གསུང་སྒྲོས་ལ་འཁྲུལ་ནས། །གསུང་ཉེས་ཤིག་མི་ཉན། །ཐུགས་དཔྱད་རེ་མཛོད་དང་། །ཙི་ན་ཡི་ལས་བྱེད། །ཧོས་ཧོས་ཀྱི་དམག་དཔུང་། །དེ་ཚེ་ལ་དཀར་རྟགས། །གྲུ་གསུམ་གྱི་དར་ཆེན། །ཕན་གནོད་ཀྱི་མཚན་མ། །སོ་སོ་རུ་ཤར་ཏེ། །རྟོག་བཏགས་ཀྱི་དཔེ་རུ། །བླ་མ་རྣམས་གསུང་མོད། །དེ་དོན་ལ་དཔྱད་ཚེ། །རྟོག་པ་ཡིས་གང་བཅོས། །དེ་དེ་རུ་གྲུབ་པའི། །དོན་ཞིག་ནི་མིན་ཏེ། །ཧ་ཅང་ཡང་ཐལ་འགྲོ། །གནོད་བྱེད་དང་སྐྱོབ་བྱེད། །སོ་སོ་རུ་སྣང་བཞིན། །ཡུལ་སྟེང་ནས་གཉིས་ཆར། །མ་གྲུབ་པར་ངེས་ལགས། །གནོད་བྱེད་དུ་སྣང་ལྟར། །རང་ངོས་ནས་གྲུབ་ཚེ། །ཕྱིས་སུ་ཡང་དངོས་དེས། །སྐྲག་པ་ཞིག་སྐྱེད་འགྲོ། །དཀར་རྟགས་སུ་སྣང་སྟེ། །སྐྱོབ་བྱེད་རང་བདེན་ན། །འཇིགས་སྐྲག་གི་དངོས་པོར། །དང་པོ་ཞིག་མི་མཐོང་། །གཉིས་ཀ་དེ་མི་བདེན། །རྫུན་པ་ཡི་འཁོར་ལོ། །གཅིག་གཅིག་གིས་བྱས་པའི། །ངང་ཚུལ་ལ་དཔྱོད་དང་། །སྣང་ཚོད་ཀྱི་དོན་དེ། །གཉིས་ཆར་ཡང་མེད་ན། །ཕན་གནོད་ཀྱི་དངོས་པོར། །རྟོག་པ་ཡིས་ཕར་བཞག། །ཡིན་མིན་ཏེ་ལོས་ཡིན། །མདོ་འགགས་སུ་དྲིལ་ན། རང་ངོས་ནས་མེད་དེ། །རྟོག་བཏགས་ཀྱི་དོན་ཡིན། །རྟོག་པ་ཡི་ཕར་བཏགས། །རང་བཞིན་གྱིས་མེད་པའི། །གོ་དོན་དུ་འདུག་པས། །ཐུགས་ལ་རང་ངེས་མཛོད། །ཟབ་དོན་འདིར་དཔྱད་ན། །སྲིད་པ་ནི་ཧྲུལ་པོར། །བྱེད་པ་ཡི་ཞལ་བཞེས། །ཀླུ་སྒྲུབ་ཀྱི་མཛད་པས། །ཐུགས་རྟོག་རང་མཛོད་དང་། །གསལ་འདེབས་ཀྱི་ཡི་གེ། སྐབས་སྐབས་སུ་འབུལ་གྱིས། །རྣམ་གཡེང་ལ་མ་འཕྱན། །དུས་བརྒྱ་ཡི་ཟས་གཅིག། ད་རེས་ཀྱི་སྐབས་འདིར། །ཐར་པ་ཡི་བག་ཆགས། །ཐེབས་པ་ཞིག་གལ་ཆེ། །ཁ་བཤད་ལ་མཁས་ཀྱང་། །ལག་ལེན་ལ་སྡུག་པའི། །མྱུ་གུ་ཡིས་སུག་བྲིས། །ཤར་མར་དུ་ཕུལ་ལོ།། །། 

    ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བའི། །ཆོས་རྗེ་ཆོས་ཀྱི་འཁོར་ལོས་བསྒྱུར་བ། །གདུལ་བྱའི་མི་ལ་མི་རུ་བརྫུས་ནས། །ལམ་སྟོན་བླ་མ་སངས་རྒྱས་མིན་ན། །སངས་རྒྱས་ཟེར་བའི་སྐད་པོ་ཆེ་ཡང་། །སྟོང་ཤོབ་ཁོ་ནར་འགྲོ་བ་ལགས་པས། །མཁའ་མཉམ་འགྲོ་ལ་རང་ཚོད་སྤྲུལ་པའི། །བླ་མ་སྐུ་གསུམ་དབྱེར་མེད་ཡིན་འདུག། །ཨ་ཧོ་ཡེ་དགའ་བ་ལ། །ཨེ་མ་ལ་སྐྱིད་པ་ལ། །ལམ་སྟོན་གྱི་སངས་རྒྱས་བསྐལ་དོན་དུ་མ་སོང་། །ཉམ་ཐག་སྡུག་བསྔལ་མཆི་མ་དཀུ་བཞིན། །བཟོད་མེད་སྲིད་པའི་གྲོང་ན་འཁྱམས་པའི། །འགྲོ་དྲུག་སེམས་ཅན་གང་དང་གང་སྣང་། །དྲིན་གྱིས་བསྐྱངས་བའི་ཕ་མ་མིན་ན། །སྐྱེ་བ་སྔ་ཕྱི་ཐོག་མེད་བརྒྱུད་པའི། །གཏམ་འདི་རྫུན་རིས་ཁོ་ནར་ཐལ་བའི། །མཁའ་མཉམ་འགྲོ་བ་སྐྱེ་ཤིའི་གར་མཁན། །བྱམས་བརྩེའི་གཉེན་གཅིག་མ་རྒན་ཡིན་འདུག། །ཨ་ཧོ་ཡེ་སྐྱིད་པ་ལ། །ཨེ་མ་ལ་སྡུག་པ་ལ། །དྲིན་ཆེན་གྱི་མ་རྒན་རྣམས་ངོ་ནི་མ་ཤེས། །སྣང་བ་སྣ་ཚོགས་ཅིར་ཡང་འཆར་བའི། །སྐྱིད་སྡུག་དགྲ་གཉེན་བླང་དོར་དངོས་པོ། །སྣང་བ་ཙམ་ལས་སྣང་བཞིན་གྲུབ་པ། །ཇི་ལྟར་བཙལ་ཀྱང་སྟོང་པ་མིན་ན། །སྟོང་ཉིད་གཏམ་གྱི་ཚངས་པའི་དབྱངས་སྙན། །ངེས་དོན་གསུང་རབ་མིན་པར་འགྲོ་བའི། །བརྟགས་ཤིང་དཔྱད་ན་གང་གང་སྣང་བ། །སྟོང་པའི་གཤིས་ལ་ཐིམ་པར་འདུག་གོ །ཨ་ཧོ་ཡེ་མཚར་བ་ལ། །ཨེ་མ་ལ་སྤྲོས་པ་ལ། །སྣང་ཚོད་འདི་ཀུན་ཀྱང་བཏགས་པ་ཙམ་ཞིག་ཏུ་གདའ་འོ། །ཅེས་དྷརྨ་སཱ་རས་སློབ་བུ་ཚེ་ཆོས་ལ་གདམས་པའོ།། །། 

         རང་སྲིད་རི་བོ་མཛེས་པའི་ཐོར་ཚུགས་སུ། །གོང་མའི་གངས་དཀར་ཡོད་ན་ཆེས་ལེགས་ཏེ། །བྱམས་སེམས་དྲོད་ཀྱིས་བཞུས་པའི་མཛད་བཟང་ཆུས། །འདོད་དགུའི་གཤོངས་སུ་འབྲས་བུ་མི་སྤེལ་ལམ། །ཆོས་སྲིད་སྐེད་པ་གཡོགས་པའི་ནགས་ཀྱི་གྲོགས། །མཐུན་དགུའི་ཡལ་འདབ་སྦྲེལ་བ་འདི་ཁོ་ནས། །འཇིགས་མེད་གཟི་བརྗིད་ངོམས་པ་ཡིན་ལེགས་ཀྱིས། །འདི་ལ་རྩོད་པའི་སྟ་རེ་ཅི་སྟེ་འཛུག། །མཐོ་དམན་ལས་ཀྱིས་བཟོས་པའི་རི་ཕྲན་བརྒྱས། །བརྟན་པའི་ཡལ་ག་ཕྱེས་སུ་བྲེས་པའི་ཚེ། །ཉམ་ཆུང་དེའུ་གཅིག་ཀྱང་རྣམ་ཀུན་ཏུ། །ཁྱད་གསོད་ཤ་འོད་རླབས་ཀྱིས་འདེད་པ་ཕངས། །དེ་ཕྱིར་དགེ་ལེགས་སྤོ་མཐོ་ལྷུན་པོའི་ངོགས། །བདེ་སྐྱིད་མེ་ཏོག་འཛད་པ་མེད་པའི་ཚལ། །ཕྱོགས་མེད་རི་དྭགས་དལ་གྱིས་རྒྱུ་བ་ཡི། །བསྟི་གནས་དེ་འདྲ་སྔོན་གྱི་སྐྱེ་བོའི་ལུགས།། །།

        ན་མོ་གུ་རུ། སྤྲོས་མེད་ཡེ་ཤེས་ཀྱི་སེམས་དཔའི་རྣལ་འབྱོར། །སྲིད་པའི་འཁོར་ལོ་ཀུན་དྲུངས་ནས་འབྱིན་བྱེད། །ཚུར་མཐོང་བློ་འདས་ཀྱི་ཤེས་རབ་རྨད་བྱུང་། །ཨ་ཝ་དྷུ་ཏི་རུ་རོལ་པར་སྨོན་ནོ། །བཏགས་ཙམ་ཐ་སྙད་ཀྱི་འཇོག་མཚམས་ཕྲ་མོ། །ལུང་རིགས་མཛུབ་རྩེ་ཡིས་རྗེན་ཆར་གཞལ་བས། །ཐབས་བྱུང་རང་བཞིན་གྱི་མྱང་འདས་དེ་ལ། །ཉིན་མཚན་ཁོར་ཡུག་ཏུ་རོལ་བར་སྨོན་ནོ། །ཡུམ་ཆེན་ཆོས་དབྱིངས་ཀྱི་བཙུན་མོའི་གནས་ལ། །ཤེས་བྱ་རབ་འབྱམས་ཀུན་གཅིག་ཏུ་འདུམ་པའི། །སྒྱུ་མའི་འཁྲུལ་འཁོར་ལ་སྒྱུ་མར་ལྟ་བའི། །གཉུག་མའི་བློ་གྲོས་ལ་རྒྱུན་མར་རེའོ། །མིང་ཙམ་རྟེན་འབྲེལ་གྱི་སྒྱུ་འཕྲུལ་དྲ་བ། །ཨ་འཐས་བདེན་པ་རུ་རློམ་པའི་བྱིས་པའི། །མི་ཤེས་རྨོངས་སེམས་ཀྱི་དཔྱང་ཐག་གཅོད་ལ། །རྟོག་གེའི་རལ་གྲི་ཡི་རྣོ་ངར་བྱུང་ནས། །ཡབ་མེས་ཞལ་ལུང་གི་བྱིན་ཅིག་ཕབ་སྟེ། །སྟོང་བའི་ནམ་མཁའ་ལ་སྟོང་བར་འཕྱར་ནས། །གཏི་མུག་གླང་པོ་དེའི་སྲོག་རྩ་གཞོམ་སྟེ། །སྟོང་པའི་རྒྱས་འདེབས་ལ་བརྩོན་པར་སྨོན་ནོ། །ཆོས་ཀུན་བཏགས་ཡོད་ཀྱི་རྭ་བར་ཟླུམ་ཕྱིར། །དངོས་ཞེན་གླང་པོ་དང་དངོས་སུ་འགལ་བའི། །དབུ་མའི་བློ་གྲོས་འདི་ཇི་བཞིན་སྨྲ་ལ། །རྟོག་གེ་སྒོམ་རྒན་དག་འུད་ཅིག་ཆེའོ། །སྣང་ཙམ་ཀུན་རྫོབ་ཀྱི་རྫུ་བག་འདི་ཀ། །བསླུ་མེད་ཚད་གྲུབ་དུ་སྨྲ་བ་ལགས་ན། །འཁོར་འདས་མེད་རློམ་གྱི་ཧམ་འགྲོས་འདི་ལ། །ལུང་རིགས་རྣོན་པོ་ཡི་གནོད་པ་མེད་དམ། །བཏགས་ཙམ་ཐ་སྙད་ཀྱི་གཤིས་ལུགས་དེ་ན། །བཏགས་དོན་མཛུབ་མོ་ཡིས་འཛུགས་ས་འདི་ཞེས། །རང་བཞིན་རྡུལ་ཙམ་ཞིག་གྲུབ་པ་མེད་ན། །སྣང་བ་ལིང་ལིང་དེ་སྤྲོས་པས་ཅི་གོ །སྣང་བ་སྒྲ་རྟོག་གིས་བཏགས་ཙམ་ལགས་ན། །ཨ་འཐས་སྒྲོ་འདོགས་ཀྱི་ལྟ་བར་མི་གནོད། །སྟོང་པ་རྟེན་འབྲེལ་གྱི་གར་མཁན་ལགས་ན། །དམོད་ངན་སྐུར་འདེབས་དེ་བྱེད་དོན་ཅི་ཞིག། །སྣང་ཙམ་རྟེན་འབྲེལ་ལས་ལྷག་པའི་སྟོང་པ། །སྟོང་པའི་ཕྱག་རྒྱ་ལས་འདས་པའི་སྣང་པ། །སྣང་སྟོང་འགལ་འདུ་ཡི་རྟག་ཆད་ལྟ་ལ། །ཨུ་ཚུགས་མཁན་པོ་རྣམས་རྟོགས་ཚོད་མ་རེད། །སྟོང་ཉིད་ཡིན་སྐད་ཀྱི་རྒྱུ་འབྲས་འཚོལ་ཞིང་། །རྒྱུ་འབྲས་ཡིན་ནོ་ལོ་བདེན་པར་ཞེན་པའི། །ལྟ་ངན་ཆོ་ལོ་ལ་ངོས་མང་འདུག་ཀྱང་། །མིང་རྐྱང་བཏགས་ཡོད་ཀྱི་ཐིག་ལེ་ཉག་གཅིག། །ཨ་ཝ་དྷཱུ་ཏི་རུ་གོལ་ལ་ཅི་ཞིག། །སྣང་སྟོང་ཟུང་འཇུག་གི་གཞི་རྟེན་འདི་ལ། །སྤྲོས་བྲལ་ཡན་གར་ཞིག་འཚོལ་བ་དཀའ་བས། །ཀླུ་དབང་ཟླ་གྲགས་ཀྱིས་བཤོལ་བ་ལགས་ན། །མཐའ་བྲལ་དབུ་མ་དེར་ངལ་གསོ་ཆོག་ག །ཨ་མ་སྒེག་མོ་ཡི་མངལ་གྱི་གྲོང་ཁྱེར། །གང་སྣང་སྟོང་ཆེན་གྱི་གཞལ་མེད་མཛེས་ཀྱང་། །རིགས་བཟང་བྱང་སེམས་ཀྱི་ཕ་ཅོ་མེད་ན། །བྱི་ཕྲུག་མགོ་རྡོལ་དེ་རྒྱལ་ལམ་མི་རྙེད། །བདེན་གཉིས་ཟུང་འཇུག་གི་གཞི་ཡི་གནས་ཚུལ། །བློ་ཆེན་བསོད་ནམས་ཀྱི་དགའ་སྟོན་ཡིན་ན། །བློ་དམན་བདག་འདྲ་ལ་མིང་ཙམ་འདི་ཅི། །ཆོས་ཀྱི་རྒྱལ་པོ་ཡི་བཀའ་དྲིན་ལགས་སོ། །དེ་སྐད་ཟབ་དོན་གྱི་གླུ་ཡི་རོལ་མོ། །ཚངས་སྲས་སྙེམས་པའི་སྡེའི་ཡིད་ཀྱི་མཚོ་ལས། །རྣམ་དཔྱོད་མཚོ་བྱུང་གི་རྒྱུད་མངས་དར་དིར། །གོ་ཡུལ་དབང་གཞུ་ཡི་རི་མོ་ལགས་སོ།། །།

      སེམས་ཀྱི་བཟོས་པའི་འཁྲུལ་བའི་རྫུན་རིས་བརྒྱ། །ཟང་མ་ཐལ་བྱུང་རིག་པའི་ཀློང་གཅིག་ཏུ། །མཉམ་པར་བརྡལ་བའི་ཆོས་སྐུ་རྫོགས་པ་ཡི། །གཏན་སྲིད་འཛིན་པའི་རྫོགས་ཆེན་དེ་ལ་དད། །འཁྲུལ་བའི་རང་མཚང་སྣ་གཅིག་མ་བརྟོལ་བའི། །གསལ་སྟོང་སེམས་ལ་བཟང་པོར་ཞེན་པ་ཡི། །སེམས་གནས་ཙམ་ལ་སངས་རྒྱས་དགོངས་པ་རུ། །སྙིང་ནས་རློམ་པའི་རྫོགས་ཆེན་དེ་ལ་སྐྱོ། །རིག་སྟོང་རྟོག་ཚོགས་དྭངས་བའི་དབྱིངས་ཤེད་དུ། །གཡོ་བྱེད་ལས་རླུང་བཅིང་བའི་ཡེ་ཤེས་རྩལ། །སྐུ་དང་ཐིག་ལེར་སྨིན་པའི་འཇའ་ལུས་ཀྱི། །འོད་གསལ་རྫོགས་ཆེན་ལྟད་མོ་དེ་ལ་སྤྲོ། །ཅི་ཙམ་བསྒོམ་བཞིན་ལྷར་སྣང་འདྲེར་སྣང་གིས། །རེ་དོགས་རྙོག་མ་ཅིར་ཡང་ལང་པའི་རྩལ། །གཏི་མུག་མུན་པ་ཕྱིར་ཕྱིར་འཐིབ་པ་ཡི། །འཁོར་བའི་གཏིང་རྡོའི་རྫོགས་ 1ཆེན་དེ་ལ་སུན། །ཨ་ཧོ་འོད་གསལ་རྫོགས་པ་ཆེན་པོའི་ཞལ། །ཉམས་མྱོང་ཚད་མས་མཇལ་བ་ཆེས་དཀའ་སྟེ། །མཛོད་ཆེན་བདུན་དང་ངལ་གསོ་གསུམ་སོགས་ཀྱིས། །ལེགས་བཤད་བཀླག་ན་ཡིད་དཔྱོད་རྟོགས་པ་སླ། །ངོ་སྤྲོད་ཡི་གེ་ལག་མཐིལ་ཙམ་རེ་དང་། །གཞན་ཟེར་ཚིག་གི་རྒུམ་བུ་བཏུས་པ་ཡིས། །གསང་ཆེན་ཆོས་ཀྱི་མཐར་ཐུག་རྙེད་སྙམ་པ། །ཀྱེ་མ་དེང་སང་སྐྱེ་བོའི་ཚུལ་འདི་ཅི། །མདོ་རྒྱུད་རྣམ་དཔྱོད་ནམ་མཁའི་གོ་ཡངས་པོར། །ཐེག་མཆོག་རྫོགས་པ་ཆེན་པོའི་རང་རིག་ཞལ། །སྐྱེ་མེད་མེ་ཤེལ་ཁམས་སུ་གྲུབ་པ་ཡི། །སྔོན་མེད་ཉི་མ་འཆར་བའི་འོས་མ་ཞན། །སྔོན་ཡང་མ་སྦྱང་ད་ཡང་མི་སྦྱང་བར། །སླའོ་སྐད་ལ་འགྲམ་ཆུ་ལང་ནས་ནི། །ཆོས་སྐུའི་རྒྱལ་སར་ཆོས་མེད་མུ་ཏོ་བས། །བདེ་བར་ངལ་གསོ་རློམ་འདིས་གད་མོ་ཤོར། །སྔར་ཞིག་རོང་ཀློང་མཁས་པའི་རིང་ལུགས་དེར། །སེམས་བསྐྱེད་ཕབས་ཀྱིས་ནན་ཏན་བཏབ་པའི་དོང། །གནས་ལུགས་རྟོགས་པའི་རྒུ་འབྲུམ་ཁུ་བ་དེ། །བསྙལ་བའི་རྟོག་ཚོགས་མྱོང་བྱེད་ཆང་དུ་ལང་། །ཨ་ཧོ་འཐུང་གྱིན་འཐུང་གྱིན་ཐ་མལ་སེམས། །ཉམས་དགའ་གུད་ཡངས་ཆོས་སྐུའི་དབྱིངས་སུ་འཕྱོ། །བྱ་བྱེད་འཕྲོ་འདུའི་རླུང་སེམས་འགྲོས་ཟད་ནས། །དོན་གཉིས་ལྷུན་གྲུབ་རྒྱལ་སར་འགྲོ་བར་འདུག། །ཀྱེ་མ་དེང་སང་ཆགས་སྡང་འདམ་ཁུ་ཡིས། །རྙོག་པའི་སེམས་གནས་ཙམ་གྱི་ཆུ་ཕོར་ལ། །གསང་ཆེན་བརྡ་ཡིས་བདུད་རྩིའི་མཚན་གསོལ་ཏེ། །རང་སོར་བཞག་པའི་སྒོམ་ལ་གཙིགས་སུ་འཛིན། །ཀྱེ་ཧུད་སྒོམ་གྱིན་སྒོམ་གྱིན་རྒྱུད་འཁྲེགས་ཅིང་། །དཀར་པོའི་ཆོས་ཀྱི་ན་བུན་ཡལ་གྱུར་དེ། །ཁམས་གསུམ་འཁོར་བའི་བག་ཆགས་སླར་གསོ་བས། །ཡང་སྲིད་འོ་བརྒྱལ་ཆེ་བ་མང་དུ་འཕེལ། །ཨ་ཧོ་ད་ནི་གཞན་མཚང་མི་སྒྲོགས་པར། །ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་ཕ་ཕོག་འདིས། །ཉམ་ཐག་མ་རྒན་འགྲོ་བའི་སྤྱི་དཔལ་དུ། །ཀུན་བཟང་གདོད་མའི་རྒྱལ་སྲིད་འཛིན་ལ་སྨོན། །དགེའོ།།

        ན་མོ་གུ་རུ། དུས་གསུམ་རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་ཀྱི་རོལ་པ། །དམ་ཆོས་སྣང་བ་སྟེར་བའི་བཤེས་གཉེན་གྱི་བརྟུལ་ཞུགས། །བདག་ཡིད་ཆོས་ཀྱི་འཁོར་ལོའི་ཟེའུ་འབྲུ་ལ་བཞུགས་བཞིན། །སྐལ་བཟང་སྨོན་པ་འགྲུབ་པའི་དཔང་པོ་རུ་དགོངས་མཛོད། །ཐུན་མོང་ལམ་གྱི་ན་ཚོད་ཅུང་ཟད་ཅིག་རྒྱས་ནས། །དག་བྱེད་དབང་བཞིའི་ཆུ་བོར་བྱིན་རླབས་ཀྱི་ཕ་ཕོག། །རིམ་གཉིས་གོས་བཟང་མཛེས་པའི་དམ་སྡོམ་གྱི་སྐ་རགས། །མིག་གི་འབྲས་བཞིན་བསྲུང་བའི་ངང་ཚུལ་ལ་ཆས་འགྲོ། །རང་སྣང་ཐ་མལ་ཞེན་འཛིན་བག་ཆགས་ཀྱི་གོས་ངན། །སྟོང་གཟུགས་དཀྱིལ་འཁོར་གོམས་པའི་མེ་ཕྲེང་གིས་བསྲེག་ནས། །ཧེ་རུ་ཀ་དཔལ་འབར་བའི་ང་རྒྱལ་གྱིས་སྒེག་བཞིན། །སྒྲིབ་མེད་ལྷན་སྐྱེས་རང་བཞིན་གཅེར་བུ་རུ་མཆོང་འགྲོ། །རྣམ་ཀུན་མཆོག་ལྡན་མི་འགྱུར་སྟོང་ཆེན་གྱི་ལང་ཚོ། །མཐིང་སྔོན་རལ་པའི་ལྕང་ལོའི་ཆུན་པོ་ཞིག་བཅིངས་ནས། །གཏུམ་ཆེན་སྙིང་རྗེ་ཁྲོས་པའི་རྫུ་བག་ཀྱི་རོལ་བཞིན། །བདེ་ཆེན་དུར་ཁྲོད་འབར་བའི་ཚང་ཚིང་ལ་ཆས་འགྲོ། སྣོད་བཅུད་འཇིགས་པའི་ཆོས་ཀྱི་རང་བཞིན་དེ་མཚོན་པའི། །མི་རུས་སྐམ་རློན་རྒྱན་ཆ་སིལ་སིལ་དུ་འཁྲོལ་བཞིན། །བདེ་སྟོང་ཆང་ལ་རྔམ་པའི་ཐོད་ཕོར་ཞིག་བསྣམས་ནས། །བདེ་ཆེན་ཀུན་ཏུ་བཟང་པོའི་ 1དགའ་སྟོན་ལ་ཆས་འགྲོ། །བརྟན་གཡོ་སྒྱུ་མའི་ཕྱག་རྒྱའི་རང་བཞིན་གྱི་ལྟ་བ། །ཁ་སྦྱོར་བདེ་ཆེན་རོ་ལ་དགྱེས་ཆགས་ཀྱི་སྒོམ་པ། །བཅོས་མའི་ཚུལ་འཆོས་སྤང་བའི་དྲང་སྲོང་གི་སྤྱོད་ཚུལ། །རི་དྭགས་རྩེ་གར་གཡོ་བའི་ལུང་སྟོང་ནས་འཆམ་འགྲོ། ཀུན་རྟོག་རྩ་ལག་བཅས་པའི་ཤྭ་པ་ཡི་ཁྱུ་གཅིག། །གཉིས་བྲལ་རྫ་རི་དཀར་པོའི་མགུལ་རྫོང་ནས་གསོད་པའི། །གཉིས་མེད་ཡེ་ཤེས་མདའ་གཞུ་མཉམ་སྦྱོར་དུ་འགེངས་བཞིན། །རི་དྭགས་སྲོག་ལ་རྔམ་པས་རྨོན་པ་རུ་ཆས་འགྲོ། བདེ་ཆེན་ཟླ་ཞུན་ཁོལ་སའི་རྐྱེན་སྣང་གི་ཤེས་རབ། །ཉེར་བཞིའི་གནས་ཀྱི་དཔའ་མོའི་འདུ་བ་ལས་ཕེབས་པའི། །དགའ་ཆེན་རྣམ་བཞིས་འཁྱུད་པའི་དབྱིངས་ཕྱུག་མའི་ལང་ཚོ། །དབྱིངས་ན་རྒྱལ་བ་ཀུན་དང་རོ་མཉམ་དུ་ཆས་འགྲོ། །འགྱུར་མེད་མགྲིན་སྔོན་མདངས་ཅན་སྒྲ་གཅན་གྱི་ལྟོ་བར། །མཁར་གནས་ཟླ་བ་དཀར་པོའི་ཟས་སྐལ་ཞིག་བྱས་ཏེ། །དཔེ་དོན་རིམ་པར་བྱེད་པའི་ཡེ་ཤེས་དང་ལྷན་ཅིག། །ཞི་ཆེན་གཟུགས་ཀྱི་ཆོ་ལོའི་ཟློས་གར་ལ་ཆས་འགྲོ། །དེ་སྐད་སྙིགས་མའི་དུས་ཀྱི་ཚེ་ཐུང་གི་ཡུན་ལ། །ཁྱབ་བདག་མཆོག་གི་གོ་འཕང་ཐོབ་བྱེད་ཀྱི་ལམ་བཟང་། །རིམ་གཉིས་ལམ་གྱི་རྩེ་དགའ་ཉམས་མྱོང་དུ་བལྟར་བའི། །སྨོན་འདུན་འགྲུབ་པའི་བདེན་ཚིག་བླ་མ་ལ་ཞུའོ། །བཀའ་དྲིན་འཁོར་མེད་མཚན་ལྡན་བླ་མ་ཡི་ཐུགས་རྗེ། །གཏུམ་དྲག་བདེ་ཆེན་ཁྲོས་པ་ཡི་དམ་གྱི་བྱིན་རླབས། །ཟག་མེད་བདེ་བའི་ཡིད་འཛིན་མཁའ་འགྲོ་ཡི་འཕྲིན་ལས། །དེང་འདིར་སྨོན་པ་འགྲུབ་པའི་མཐུ་ཆེན་ལ་མ་གཡེལ། །ཞེས་རིམ་པ་གཉིས་ཀྱི་ལམ་ལ་བག་ཆགས་འཇོག་པའི་ཕྱིར་དུ་གོ་ཡུལ་གྱི་གཏམ་ཉམས་མྱོང་གི་ཚུལ་གྱིས་རྟེན་འབྲེལ་བྱས་ཏེ་བསྒྲིག་པ་པོ་ནི་མྱུ་གུའོ།། །།

        ༄༅། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་དམ་བསྐུལ་བའི་གླུ་འཆི་མེད་ནཱ་དའི་རོལ་མོ་ཞེས་བྱ་བ།ཨ་ཧོ། ཨོཾ་ཡིག་མཆོག་ཏུ་ཞི་བའི་ཡེ་ཤེས་ཀྱི་ལུས་ཅན། །རྣམ་ཀུན་མཆོག་ལྡན་སྐུ་ཐུགས་ཟུང་འཇུག་གི་བདག་ཉིད། །རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་རྡོ་རྗེ་དེ་དྲན་བྱུང་། །སྙིང་དབུས་མི་ཤིགས་ཐིག་ལེའི་ངོ་བོ་རུ་བཞུགས་དང་། །ཨ་ཡིག་ལྷན་སྐྱེས་སེམས་ཀྱི་རྡོ་རྗེ་ཡི་རང་བཞིན། །སྐྱེ་འགག་མེད་པ་སྣང་ཙམ་སྤྲོས་བྲལ་གྱི་བདག་ཉིད། །ཆོས་དབྱིངས་ཡེ་ཤེས་རང་བཞིན་མཁྱེན་གཏེར་ཏེ་དྲན་བྱུང་། །ཆོས་ཉིད་མངོན་དུ་བྱེད་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨ་ཡིག་ཆོས་ཀུན་རྣམ་པ་སོ་སོ་རུ་འབྱེད་ཀྱང་། །རྟོག་བྲལ་རྟོགས་པའི་ལང་ཚོའི་ཡེ་ཤེས་ཀྱི་རྩེད་འཇོ། །སོར་རྟོག་ཡེ་ཤེས་རང་བཞིན་མཁྱེན་གཏེར་ཏེ་དྲན་བྱུང་། །ཆོས་རབ་རྣམ་པར་འབྱེད་པས་ཤེས་རབ་ཅིག་སྩོལ་དང་། །ར་ཡིག་སྲིད་དང་ཞི་བའི་ཆོས་སོ་ཅོག་ཀུན་ཀྱང་། །མི་ཕྱེད་བདེ་སྟོང་ཕྱག་རྒྱས་རོ་གཅིག་ཏུ་བཏབ་པའི། །མཉམ་ཉིད་ཡེ་ཤེས་རང་བཞིན་མཁྱེན་གཏེར་ཏེ་དྲན་བྱུང་། །སྣང་སྟོང་མཉམ་ཉིད་མཆོག་གི་ཤེས་རབ་ཅིག་སྩོལ་དང་། །པ་ཡིག་གཉིས་མེད་ཡེ་ཤེས་མེ་ལོང་གི་ངོགས་སུ། །ཆོས་རྣམས་རྣམ་པ་སོ་སོར་བཀྲ་བ་ཡི་སེམས་མཆོག། །མེ་ལོང་ཡེ་ཤེས་རང་བཞིན་མཁྱེན་གཏེར་ཏེ་དྲན་བྱུང་། །སྒྲིབ་བྲལ་རིག་པའི་འོད་ཀྱི་ཤེས་རབ་ཅིག་སྩོལ་དང་། །ཙ་ཡིག་དོན་གཉིས་ཆུ་སྐྱེས་གསར་བ་ཡི་ཆུན་འཕྱང་། །མཆོག་ཏུ་གྲུབ་པའི་རྩེ་དགའི་མཛེས་སྡུག་གི་དཔལ་མོ། །བྱ་གྲུབ་ཡེ་ཤེས་རང་བཞིན་མཁྱེན་གཏེར་ཏེ་དྲན་བྱུང་། །དོན་གཉིས་ཕ་མཐར་ཕྱིན་པའི་ཤེས་རབ་ཅིག་སྩོལ་དང་། །ན་ཡིག་ལྷན་སྐྱེས་སེམས་ཀྱི་རྡོ་རྗེ་ཡི་རང་བཞིན། །བདེ་དང་སྟོང་བ་བདག་ཉིད་མི་ཕྱེད་པའི་གཤིས་ལུགས། །ཆོས་དབྱིངས་ཡེ་ཤེས་རང་བཞིན་མཁྱེན་གཏེར་ཏེ་དྲན་བྱུང་། །ཀུན་བཟང་རིགས་པའི་རྩེ་དགའི་ཤེས་རབ་ཅིག་སྩོལ་དང་། །དྷཱི་ཡིག་བློ་གྲོས་མཐར་ཕྱིན་ཀུན་གཟིགས་ཀྱི་ཡེ་ཤེས། །སྒྲིབ་བྲལ་རྗེས་སུ་ཆགས་པའི་རང་བཞིན་གྱི་ཟློསགར། །མཁྱེན་བརྩེའི་གཏེར་ཆེན་ཤེས་རབ་འོད་ཟེར་ཏེ་དྲན་བྱུང་། །ཟབ་རྒྱས་རྟོགས་པའི་བློ་གྲོས་ཡར་ཟླ་ལྟར་མཛོད་དང་། །ཉམ་ཆུང་གསོལ་འདེབས་སྤྲིངས་གླུ་དྲི་ཟ་མོའི་གླིང་བུ། །མཆོག་ཏུ་དད་པའི་སོར་མོའི་མཉེན་ལྕུག་གིས་སྦྲེལ་ན། །ལྷག་པའི་ལྷ་མཆོག་ཡེ་ཤེས་འཁོར་ལོ་ཡི་ཉིན་མོ། །བདག་བློའི་པདྨོའི་ལྟོ་བའི་ཟེའུ་འབྲུ་རུ་མཛོད་དང་། །ལུང་རིགས་སྦྲང་རྩིའི་གོང་བུའི་བཤེས་གཉེན་གྱི་པད་དཀར། །འཇམ་དཔལ་ཟླ་བའི་སྤངས་རྟོགས་ཟིལ་མངར་གྱི་རོལ་བ། །མཐའ་བྲལ་བློ་གྲོས་ལང་ཚོའི་ཉེར་འཚོ་ལ་རྣམ་ཀུན། །ཀུན་དགའི་ཡིད་ནི་གཉིས་མེད་འཇུག་པ་རུ་སྨོན་ནོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།