ཉམས་དགའ་ཤར་ཚོད་ཀྱི་གླུ་ཆུང་འགའ་ཞིག་བུང་བའི་རྟ་རུ་དྲངས་པ་བཞུགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:49:40     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

       སངས་རྒྱས་ཀུན་དངོས་འཇམ་དཔལ་རོལ་བའི་བློ་གྲོས། །སྙིང་རྗེའི་གཏེན་ཆེན་རྗེ་བཙུན་བློ་བཟང་དཔལ་ལྡན། །གྲུབ་དབང་ཟབ་གཏེར་འབྱིན་མཛད་ལས་རབ་གླིང་པ། །རྣམ་གསུམ་ཚེ་རབས་གཏན་གྱི་སྐྱབས་གནས་ཡིན་ཡ། །ཨ་ཧོ་ཡེ་ཡིན་ཡ། ཆོས་དང་ལེགས་པར་འཕྲད་ཀྱང་ཆོས་ཀྱི་ཉམས་ལེན། །ཆོས་བཞིན་སྤྱོད་པའི་བྱ་བས་ཤིན་ཏུ་ཕོངས་མོད། །ཆོས་སྨྲའི་དགེ་བའི་བཤེས་ལ་བློ་རྩེ་གཏད་པའི། །ཆོས་ཀྱི་རྒྱ་མཚོ་བླ་མའི་བུ་གཅེས་ཡིན་ཡ། །ཨ་ཧོ་ཡེ་ཡིན་ཡ། གཅེས་ཕྲུག་མ་འོ་བཏུང་བའི་གཞོན་ནུའི་ལང་ཚོ། །བགྲང་བྱ་ཉི་ཤུའི་ན་ཚོད་ཡར་ཡར་ཡིན་ཏེ། །འཆི་བདག་ནུབ་རིའི་གྲིབ་མ་ཚུར་ཚུར་གུག་ནས། །བན་རྒན་ང་འདྲ་ད་ནི་དུས་ཀྱིས་གཏུགས་སོང་། །དུས་ལ་སྡོད་པ་ཡོད་ན་སང་བྱ་གནང་བྱའི། །ཆོས་དང་འཇིག་རྟེན་རྩིས་གྲངས་ལོས་འདེབས་ཡིན་ཏེ། །ནམ་འཆི་ངེས་མེད་བསམ་པའི་བློ་རྩེ་གཅིག་གིས། །རོ་བརྒྱ་ཤར་གཅིག་ད་ནི་བྱེད་སྙིང་འདོད་དོ། །རང་ལ་གཏད་སོ་མེད་པའི་ཞལ་གདམས་ཆོས་བཤད། །གཞན་ལ་ཡིད་ཆེས་མེད་པར་བཤད་ལོ་ཉན་ལོས། །བླ་སློབ་ལད་མོ་བྱེད་པའི་སྤྲེའུའི་རྩེད་མོ། །བྱས་བྱས་བྱས་ཏེ་ད་ནི་སྐྱུར་སྙིང་འདོད་དོ། །མི་མེད་ནགས་ན་འཇོལ་མོའི་གྲེ་འགྱུར་རྒྱུད་དུ། །ཐུབ་དབང་གསུང་གི་ལེགས་བཤད་གླུ་རུ་བཀུག་སྟེ། །རང་སེམས་རང་གི་གསོ་བའི་སྐྱོ་ཤས་གཅིག་གིས། །རྗེ་བཙུན་བླ་མ་མཆོག་རྣམས་མཆོད་སྙིང་འདོད་དོ། །ལུང་རིགས་སྒོ་བརྒྱ་བསྟན་ཏེ་ཡང་ཡང་བཅོས་ཀྱང་། །ཐ་མལ་སེམས་རྒྱུད་འགྱུར་ཙམ་འབྱུང་བ་དཀའ་བའི། །དམུ་རྒོད་གདུལ་བྱ་མི་འདུལ་རང་སེམས་འདུལ་སླད། །སྨྱོན་པ་འུར་ལང་བྱེད་རྒྱུའི་སྐལ་བ་ཡོད་ན། །གཞན་ལ་བཤད་ན་ཚིག་སྐམ་མཚང་འདྲུའི་ཚེར་མ། །རང་གིས་བསྒོམ་ན་སྨིན་བྱེད་སྨན་གྱི་དྭངས་མ། །ཉེས་སྐྱོན་རྩ་ནས་འབྱིན་པའི་གདམས་པའི་མདེའུ་རྩེ། །ད་ནི་ཕྱིར་ལ་མི་སྐོར་ནང་ལ་སྐོར་སྙམ། །སྐྱོན་བརྒྱ་དྲུངས་ནས་འབྱིན་པའི་གསུང་རབ་ཐུར་མས། །གཞན་སྐྱོན་སྲིན་བུར་མི་འཛུགས་ཕོག་ཐུག་ཤོར་འགྲོ། །རང་སྐྱོན་སྦྲུལ་གྱི་འཁྱོག་འགྲོས་ག་ལེར་དེད་ནས། །རང་སེམས་ཙན་དན་ལོ་མ་བྱི་དོར་བྱེད་ཡ། །ལོ་ཤས་ཟླ་ཤས་ཡ་རབས་ལད་མོ་བྱེད་པའི། །བཙུན་ཆུང་འཇའ་ཚོན་སྣང་བ་རེ་ཞིག་མཛེས་ཀྱང་། །ཅུང་ཟད་ལོན་ཚེ་གར་སོང་ཆ་རྒྱུས་མེད་འདིས། །བན་རྒན་ང་ཚོ་ད་ནི་སུན་སྣང་སྐྱེའོ། །གཅིག་གིས་བསམ་ཚད་ཀུན་གྱིས་བསམ་པ་མིན་ཞིང་། །གཅིག་གིས་སྨྲས་ཚད་ཀུན་ལ་འཕྲོད་པ་མིན་པས། །གདམས་ངག་མཁོ་ན་རྫོགས་པའི་སངས་རྒྱས་གསུང་ཡང་། །ས་རྡུལ་ཉི་ལེར་རང་གར་བཞུགས་ནས་ཡོད་དོ། །དང་པོ་ཡ་རབས་གྲལ་དུ་ནན་གྱིས་འཚང་ཡང་། །ཕྱི་ནས་མ་རབས་རྗེས་སུ་བཀགས་ཀྱང་མི་ཁོག། །བསམ་བཞིན་བཀོལ་ཏུ་བཏུབ་པའི་མི་ནི་དཀོན་པས། །དེང་སང་བཙུན་ཆུང་ཟེ་འཐེན་སུས་ཀྱང་དཀའ་ན། །ད་ནི་མི་བཤད་བཤད་ན་ཚིག་སྐམ་ལོ་མ། །ད་ནི་མི་བྱེད་བྱེད་ན་རང་ཉིད་ངལ་བས། །དོན་མེད་སློབ་མ་སྐྱོང་མདོག་འདྲེ་དཀར་ཆ་ལུགས། །བཞག་སྟེ་རང་སེམས་ངོ་ལ་ཅེར་གྱིས་བལྟའོ། །ཕུ་ཆུ་ལྷུང་ལྷུང་འབབ་པའི་བྲག་རིའི་སྐྱིབ་ན། །སྔོ་ལྗང་ཤུགས་ལོ་གསར་བའི་བསིལ་གདུགས་ཕུབ་སྟེ། །བན་རྒན་ཐོས་ཚད་མ་བཤད་སྨྱོན་པའི་ལད་མོ། །གང་ཐོས་བདུད་རྩི་ད་ནི་བཏུང་རན་ཡིན་ཞེས། །ང་ལ་འཕྲིན་ཞིག་དབེན་པའི་གྲོགས་དེས་བཏང་བས། །བན་རྒན་བཤད་སྙིང་མ་འདོད་སྒྲུབ་སྙིང་འདོད་ནས། །རེ་ཞིག་ཁོམས་པ་མེད་པས་གཅེས་ཕྲུག་ལོ་བརྒྱ། །ང་ལ་ཁྲོ་བ་མ་མཛད་རང་ལམ་ལོངས་སོང་། །སྐུ་ཚེ་རིང་། ཞེས་དྷརྨ་སཱ་རས་མཁས་བཙུན་དཔལ་ལྡན་ལ་བྲིས་པའོ།། །།

     ༄༅། །ན་མོ་གུ་རུ། རབ་དཀར་རྩེ་མོ་དགུང་ལ་བསྙེགས་པའི་གངས་རི་ཡི་སྟོངས་ཤིག་ན། །སྔོ་ལྗང་རལ་བའི་ལྕང་ལོ་སིག་སིག་བསྐྱོད་པ་ཡི་རི་དྭགས་ཤིག། །སྤང་ལྗོངས་མེ་ཏོག་མཛེས་ཀྱང་བག་ཡང་ཅི་བདེ་རུ་མི་རྒྱུ་བར། །གངས་རྩེ་ན་བུན་དཀར་པོས་གཡོགས་པའི་ནང་ཞིག་ན་ལྷོད་དེ་རྒྱུ། །གནག་སྣུམ་ལྗོན་པའི་ཚང་ཚིང་འཁྲིགས་པའི་ནགས་ཚལ་གྱི་སྦུབས་ཤིག་ན། །དམར་སེར་ཁ་དོག་བཀྲ་པའི་སྤུ་རིས་ངོམས་པ་ཡི་གཅན་ཟན་ཞིག། །སྐྱེ་བོའི་རྒྱུ་འགྲུལ་མང་བའི་གྲོང་ཁྱེར་གྱི་སྲང་སྒོ་རུ་མི་འཁྱམས་པར། །ནགས་ཀྱི་ལྕང་ལོ་འཛིངས་པའི་ཉམས་དགའི་བསིལ་གྲིབ་ན་བདེ་བར་ཉལ། །བྲག་དམར་ལ་ཐོད་བཅིངས་པའི་རབ་མཐོ་རི་རྒྱལ་གྱི་རྩེ་ཞིག་ན། །གཤོག་ཡངས་མཁའ་ལ་བསྐྱངས་ནས་ནམ་ཕུག་གཅོད་པ་ཡི་བྱ་རྒྱལ་ཞིག །མཚེའུ་ཆུང་བཏུང་དུ་རེ་ནས་ཁྲོན་པའི་དོང་དུ་ནི་མི་འཇུག་པར། །ལས་ཀྱིས་གནས་སུ་གྲུབ་པའི་རང་བྱུང་བྲག་ཐེམ་ན་ཅོག་གེ་འདུག །སྡེ་སྣོད་ཐང་མར་བདལ་བའི་དགོན་པའི་གཙུག་ལག་ཁང་ཉམས་དགའ་ན། །ཐལ་ཕྱིར་རིགས་ལམ་ཀློག་པའི་ཁྲིམས་ལྡན་དགེ་འདུན་གྱི་བཙུན་ཆུང་ཚོ། །མཛེས་མཛེས་བསླུ་བྲིད་མཁས་ཀྱང་མོ་རིགས་ན་ཆུང་ལ་མི་དགྱེས་པར། །བསྲུང་སེམས་སྙིང་ལ་བཅགས་ནས་མཁན་སློབ་སྤྱན་སྔ་ན་ལྷོད་དེ་བཞུགས། །སེངྒེ་སྤང་ལ་སོང་ན་རྒྱ་གྲོག་བྱིང་ཁོག་ཏུ་ཞུགས་ཏེ་འཆི། །རྒྱ་སྟག་ནགས་ལས་འཁྱམས་ན་རྔོན་པས་རྩིབ་མདའ་ཞིག་སྤྲད་ཉེན་ཡོད། །བྱ་རྒོད་གྲོག་མོར་བབས་ན་བྱིས་པའི་རྡོ་རྩེད་ཀྱིས་ཕོག་པར་འདུག། །བཙུན་ཆུང་གྲོང་དུ་སྡོད་ན་དམ་སྡོམ་སྐ་རགས་དེ་ལྷོད་ནས་འགྲོ། རང་རང་སྤྱོད་ལམ་མཛད་ན་རང་འགོ་མཐར་ཐོན་ཞིག་འོང་ལགས་ཏེ། །མིན་ན་གྲོང་སྒོའི་གླ་བ་ཐན་ལྟས་ཡིན་པ་བཞིན་ཉེས་དམིགས་ཆེ། །དེ་ཕྱིར་བཙུན་ཆུང་ཁྱེད་ཀྱང་དམ་ཆོས་རྣལ་མ་ཞིག་བཞེད་གྱུར་ན། །གནས་གྲོགས་བྱ་བ་ཐམས་ཅད་བཙུན་པའི་སྤྱོད་ལམ་ལྟར་མཛད་ན་ལེགས། །ཞེས་པ་འདི་ཡང་བཙུན་ཆུང་འཇམ་དབྱངས་སྐལ་ལྡན་ལ། གསལ་འདེབས་ཀྱི་གླུ་རུ་བླང་བ་དགེ། །།

       ཡང་། སྤང་ལྗངོ ས་མེ་ཏོག་ཚལ་ན། །སྟག་ཆུང་བུང་བ་འཕྱོ་ཞིང་། །སྦྲང་རྩིའི་ཁ་ཟས་བཟའ་བ། །ཉམས་དགའི་སྤྱོད་ལམ་ཡིན་འདུག། །ཨ་ཧོ་ཡེ་ཡིན་འདུག། །དྭངས་བསིལ་རྫིང་བུའི་ནང་ན། །གསེར་མིག་ཉེའུ་ཆུང་འཕྱོ་ཞིང་། །འཁྱུག་འཁྱུག་ཟློས་གར་རྩེ་པ། །གུ་ཡངས་ངང་ཚུལ་ཡིན་འདུག། །ཨ་ཧོ་ཡེ་ཡིན་འདུག། །ནགས་ཚལ་ལྕང་ལོའི་རྩེ་ན། །ཁུ་བྱུག་གཤོག་འགྱུར་བྱེད་ཅིང་། །སྐད་སྙན་འགྱུར་ཁུག་མཐོ་བ། །དཔྱིད་ཀྱི་དུས་སྟོན་ཡིན་འདུག །ཨ་ཧོ་ཡེ་ཡིན་འདུག །སྡེ་སྣོད་གསུམ་གྱི་དྲུང་ན། །བློ་གསལ་སྣང་བ་སྐྱིད་ཅིང་། །ཐལ་འཕྲེང་རིགས་ལམ་འགོད་པ། །སྐལ་ལྡན་རྣམ་ཐར་ཡིན་འདུག །ཨ་ཧོ་ཡེ་ཡིན་འདུག་ཟེར།

    ཡང་། དབྱར་གྱི་མེ་ཏོག་ཅིག་བཀྲ་ཡང་། སྟག་ཆུང་བུང་བ་ཁོ་མིན་པ།འབུ་སྲིན་ཕལ་བ་ཚོས་མི་མྱོང་། །ཀྱེ་མ་ལ་སྐལ་བ་འདིའི་ངན་ལུགས་ལ། །རྫིང་བུ་ཡིད་འོང་ཅིག་འཁྱིལ་ཡང་། །གསེར་མིག་ཉ་མོ་ཁོ་མིན་པ། །སྦལ་ལྕོང་སུ་ཡིན་གྱིས་མ་མཐོང་། །ཀྱེ་མ་ལ་ལས་ངན་འདིས་ནོངས་ལུགས་ལ། །འཁྲི་ཤིང་ཡལ་ག་ཞིག་རྒྱས་ཀྱང་། །ཁུ་བྱུག་འཇོལ་མོ་ཚོ་མིན་པ། །བྱ་རོག་སྐད་སྙན་ཞིག་མི་སྒྲོག། །ཀྱེ་མ་ལ་མགྲིན་པ་དེ་ངན་ལུགས་ལ། །འཆད་ཉན་ལེགས་བཤད་ཅིག་དར་ཡང་། བློ་གསར་མོས་ལྡན་ཚོ་མིན་པ། །མ་རབས་ཐུར་ལྟ་རྣམས་མི་དགྱེས། །ཀྱེ་མ་ལ་བསོད་ནམས་འདིའི་ཆུང་ལུགས་ལ། །ཨ་ཧོ་ཡེ་འཇམ་མགོན་བླ་མའི་ཐུགས་རྗེས། །དུས་ད་ནས་བཟུང་སྟེ་ཚེ་རབས་ཀུན་ཏུ། །ཆོས་ཐོས་བསམ་སྒོམ་ལ་བརྩོན་འགྲུས་བསྐྱེད་ནས། །མ་འགྲོ་དྲུག་སེམས་ཅན་འདྲེན་པར་ཤོག་ཅིག། །གླུ་ཚན་པ་འདི་གཉིས། འཇམ་དབྱངས་སྐལ་ལྡན་གྱི་གསལ་འདེབས་སུ་དྷརྨ་སཱ་རས་བླང་བ་དགེ་ལེགས་འཕེལ།། །།༈ རྗེ་བཙུན་སྐུ་བཞི་ཡི་དབང་ཕྱུག། །ཁྱབ་བདག་འཇམ་དཔལ་གྱི་རྣམ་རོལ། །དད་པའི་སྙིང་དབུས་ཀྱི་རྒྱན་དུ། །བློ་གྲོས་གཏེར་ཆེན་ཁྱོད་བཞུགས་དང་། །སྣ་ཚོགས་ཉམས་སྣང་གི་ཟློས་གར། །འདྲ་མིན་དུ་མ་རུ་རྩེ་དུས། །དགའ་མིན་སྐྱོ་མིན་གྱི་གླུ་འདིས། །བཙུན་ཆུང་གཞོན་ནུ་དེ་བསྐུལ་ལོ། །སྟག་ཆུང་བུང་བ་ནི་ཁྲ་བོས། །མེ་ཏོག་རྩི་བཅུད་ཅིག་འཐུང་ནས། །སྐྱི་སེར་ལྷག་པ་ལ་སྐྲག་སྟེ། །བཙན་པོའི་རྫོང་ཞིག་ནི་བསྙེགས་སོང་། །མ་བསྙེགས་ལྡུམ་ར་རུ་ལུས་ན། །ཕྱི་དྲོའི་ལྷག་རླུང་ཞིག་ལངས་ཏེ། །ཤི་མིན་གསོན་མིན་དུ་འགྲོ་བས། །སྦྲང་ཆུང་འགྲོ་ཚོད་ཅིག་ཟིན་སོང་། །བྱ་རྒྱལ་ཐང་དཀར་དེ་རྒོད་པོ། །སྡིག་མེད་ཤ་ཁྲག་རེ་ཟོས་ནས། །དམུ་རྒོད་གནོད་འཚེ་ལ་སྐྲག་ནས། །བྲག་དམར་སྤོ་མཐོ་ལ་ཆས་སོང་། །མ་ཆས་གྲོང་མཐའ་རུ་ལུས་ན། །སྡིག་ཅན་ཤན་པ་ཞིག་སླེབ་སྟེ། །སྒྲོ་གཤོག་བསྒྲིགས་ལེགས་དེ་གཏོར་བས། །ཐང་དཀར་འཕུར་ཚོད་ཅིག་ཟིན་སོང་། །གསུང་སྙན་ཁུ་བྱུག་ནི་སྔོན་མོ། །སོས་ཀའི་སྤྲིན་ཆར་ཞིག་བཏུང་ནས། །ནམ་ཟླའི་གྲང་ངར་ལ་སྐྲག་སྟེ། །ལྷོ་མོན་དྲོད་ཁུང་དུ་ཕེབས་སོང་། །མ་ཕེབས་ཤིང་ལོ་ལ་ཆགས་ན། །སྟོན་གཞུག་སྐྱི་སེར་ནི་བཙན་པོས། །སྐུ་ལུས་རིད་ནས་ནི་འགྲོ་བས། །ཁུ་བྱུག་ཕེབས་ཚོད་ཅིག་ཟིན་སོང་། །སྤྱན་མིག་གྱེན་ལྟོས་ཀྱི་བཙུན་ཆུང་། །ལུས་སེམས་ན་ཚོད་ཅིག་རྫོགས་ནས། །གྲོང་བའི་ཆོ་ག་ལ་སྐྲག་སྟེ། །གྲོགས་བཟང་ལྷ་གྲལ་ཞིག་ཟིན་དགོས། །མ་ཟིན་བཞུགས་ཡུན་ཞིག་རིང་ན། །སྐྱེས་དམན་ཧ་ལོ་དང་འཕྲད་དེ། །འདི་མེད་ཕྱི་མེད་དུ་འགྲོ་བས། །བན་ཆུང་རང་ཚོད་ཅིག་འཛིན་རན། །དེ་སྐད་ཞལ་གདམས་ཀྱི་མཁན་པོ། །དམན་པ་ང་འདྲ་ནི་མིན་ཀྱང་། །ཅིས་ཀྱང་བྲིས་ཤིག་པའི་གསུང་ངོར། །རྩེད་མོའི་ཚུལ་དུ་ནི་སྨྲས་སོ།། །།

        མཆོག་གསུམ་སྐྱབས་ཀྱི་བསིལ་གདུགས་བཟང་པོ་ཅིག་ཡོད་དེ། །སྡུག་བསྔལ་ཚ་བས་གདུང་ཀྱང་ཕུབ་མཁན་ནི་མི་འདུག། །ཀྱེ་མ་ལས་ངན་སྣང་ཚུལ་འདི་འདྲ་རང་མིན་ན། །བཟོད་མེད་ངན་སོང་གཏན་ཡུལ་བྱེད་དོན་ཀྱང་ཅི་ཡོད། །ཚུལ་ཁྲིམས་མཐོ་རིས་བགྲོད་པའི་ཐེམ་སྐས་ཤིག་ཡོད་དེ། །ངན་སོང་གཡང་ཁ་འགྲིམས་ཀྱང་འཛེགས་མཁན་ནི་མི་འདུག། །ཀྱེ་མ་སྐལ་ཆད་སྤྱོད་ལམ་འདི་འདྲ་རང་མིན་ན། །སྡུག་བསྔལ་འདམ་དུ་བཙུགས་ནས་སྡོད་ཐབས་རང་ཅི་ཡོད། །སྐྱོ་ཤས་བློ་སྣ་བཟང་བོའི་ངེས་འབྱུང་ཞིག་ཡོད་དེ། །མི་འདོད་ཐན་དགུ་མཐོང་ཡང་སྐྱོ་བར་ནི་མི་འདུག། །སྡུག་བསྔལ་བདེ་བར་ཤར་བ་འདི་འདྲ་རང་མིན་ན། །འཁོར་བ་སྲིན་མོའི་གླིང་འདིར་ཞེན་དོན་ཞིག་ཅི་ཡོད། །བསླབ་གསུམ་གཙང་མའི་རྒྱན་ཞིག་འདོག་རྒྱུ་རང་ཡོད་དེ། །ལས་ཉོན་བཙོན་དགུས་མནར་ཡང་འདོག་མཁན་ནི་མི་འདུག། །བཟང་ངན་རྣམ་འབྱེད་མེད་པ་འདི་འདྲ་རང་མིན་ན། །གནས་ངན་འཁོར་བ་འདི་ལ་གཏན་དུ་རང་ཅི་སྡོད། །སེམས་བསྐྱེད་རྒྱལ་སྲས་བྱེ་བའི་ལམ་ཆེན་ཞིག་ཡོད་དེ། །དམ་ཆོས་སྒྲུབ་ལོ་ཟེར་ཡང་ཞེན་མཁན་ནི་མི་འདུག། །ཐེག་ཆེན་འཇུག་སྒོ་སྟོར་བ་འདི་འདྲ་རང་མིན་ན། །ལམ་གོལ་དམན་པའི་མཚང་ཞིག་ཡོད་དོན་ནི་ཅི་ཡོད། །ཕྱིན་དྲུག་སྤྱོད་པའི་འཇུག་ངོགས་བཟང་པོ་ཞིག་ཡོད་དེ། །ཐེག་ཆེན་ཟེར་བ་མང་ཡང་འཇུག་མཁན་ནི་མི་འདུག། །སླ་ཆོས་ཁོ་ན་བསམ་པ་འདི་འདྲ་རང་མིན་ན། །ཐེག་མཆོག་རྟོགས་པ་མི་སྐྱེའི་རྒྱུ་མཚན་ཞིག་ཅི་ཡོད། །ཟབ་ལམ་ལྟ་བའི་ངོ་སྤྲོད་ཀླུ་སྒྲུབ་རང་ཟབ་སྟེ། །རིགས་ཚོགས་གཞུང་ལ་ཞེན་ལོག་འདི་འདྲ་རང་མིན་ན། །སྟོང་དང་རྟེན་འབྲེལ་དབྱེར་མེད་ངེས་དོན་གྱི་ལྟ་སྒོམ། །ཉིན་སྐར་ལྟར་དུ་དཀོན་པའི་རྒྱུ་མཚན་རང་ཅི་ཡོད། །གསང་སྔགས་ཚེ་གཅིག་འཚངས་རྒྱའི་མྱུར་ལམ་ཞིག་ཡིན་ཏེ། །བསྒྲུབ་ཀྱང་སྒྲུབ་ལུགས་མི་ཤེས་འདི་འདྲ་རང་མིན་ན། །དབང་ཆོས་འབྲེལ་བ་ཐོབ་ཚད་ཐབས་མཁས་ཀྱིས་གྲོལ་ནས། །ཨོ་རྒྱན་ཡུལ་བཞིན་གྲོང་ཁྱེར་སྟོང་ཚོད་རང་མིན་ནམ། །དགེ་ཞིང་བཀྲ་ཤིས།། །། 

      ཀྱེ་ཀྱེ་སྙིང་གྲོགས། །ཨེ་མ་ངོ་མཚར། །སྐལ་བཟང་ཁྱེད་ལ། །ཡ་མཚན་ཆེའོ། །རིམ་གཉིས་ཏིང་འཛིན། །བརྟན་པོ་དཀའ་བའི། །འོ་སྐོལ་སོ་སྐྱེས། །ལས་དང་པོ་ལ། །དངོས་གྲུབ་གྲུབ་པའི། །རྟགས་མཚན་དཀའ་བས། །ཞལ་གཟིགས་བརྒྱ་ལས། །ཡི་དམ་གཅིག་མིན། །རིགས་བརྒྱའི་བྱེད་པོ། །བླ་མའི་ངོ་བོ། །དངོས་སུ་གྲུབ་སྟེ། །སྒོ་དྲུང་སླེབས་སོ། །དེ་དང་དེ་འདྲའི། །ངོ་མཚར་གནས་ལ། ཐུགས་སྤྲོ་བསྐྱེད་ལ། །ངོ་མཚར་མཛོད་དང་། །གཤིན་རྗེ་གཤེད་དང་། །བླ་མའི་རྣམ་པ། །གདུལ་བྱའི་དབང་གིས། །སོ་སོར་ཤར་གྱིས། །དོན་དུ་བརྟགས་ན། །རྒྱལ་ཀུན་ངོ་བོ། །བླ་མའི་ཆ་ཤས། །གཤེད་པོར་བརྫུས་སོ། །སྐུ་ཚེ་རིང་མཛོད། །སྐལ་བཟང་སྙིང་གྲོགས། །བསྒྲུབ་འབྲས་སྨོན་པ། །ཕྱི་མའི་དོན་དང་། །དེ་ཡང་གཙོ་བོ། །ལམ་གཙོ་གསུམ་ལ། །ཤེས་རྒྱུད་འཁུལ་བའི། །ཉམས་མྱོང་བརྟན་པོ། །ཚེ་འདིར་འབྱུང་ཕྱིར། །ཤུགས་དྲག་གསོལ་འདེབས། །ལེགས་པར་མཛོད་དང་། །བསླུ་བ་མེད་དོ། །འདི་ཡང་ཆོས་གྲོགས་དེའི་ཐུགས་དམ་དགའ་སྤྲོའི་གསལ་འདེབས་སུ་རང་ལ་མདོ་མེད་ཀྱང་སྨྲ་མཁས་པ་དྷརྨ་སཱ་རས་བསྒྲིགས་ཏེ་ཕུལ་བ་སིདྡྷི་རསྟུ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།