འཇམ་མགོན་གཞུང་བཟང་སྙིང་གི་ཟེའུ་འབྲུར་བཅངས་པའི་མགུར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:38:12     རྩོམ་པ་པོ།   སཐཉན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

   ༄༅། །ན་མོ་གུ་རུ། དྲི་ཞིམ་རླུང་གིས་བསྐྱོད་པ་ཡི་འདབ་ཕྲེང་ན། །གེ་སར་ཟེའུ་འབྲུ་ངོམས་པ་ཡི་མེ་ཏོག་དེ། །ཡིད་ལ་ཤིན་ཏུ་འཕྲོད་ནས་ནི་སྦྲང་ཆུང་ཁོ། །སྲབ་འཇམ་གཤོག་རྩར་ཞན་ན་ཡང་ལྡིང་ཞིང་ཐལ། །དྭངས་བསིལ་ཆབ་ཀྱི་རྒྱུན་བཟང་ཞིག་འབབས་པ་ན། །རླུང་གིས་ཉེར་ཉེར་བསྐྱོད་པ་ཡི་རྫིང་ཆུང་དེ། །ཡིད་ལ་ཤིན་ཏུ་འཕྲོད་ནས་ནི་ཉེའུ་ཆུང་ཁོ། །རྩལ་ཆེན་ལུས་ལ་མ་རྫོགས་ཀྱང་འཁྱུག་ཅིང་ཐལ། །ཁུ་བྱུག་སྐད་སྙན་སྒྲོགས་པ་ཡི་ནགས་ཤིག་ན། །འཁྲི་ཤིང་ཡལ་ག་ལྡེམ་པ་ཡི་རྩེ་མོ་དེ། །ཡིད་ལ་ཤིན་ཏུ་འཕྲོད་ནས་ནི་བྱེའུ་ཆུང་ཁོ། །ལུས་སྟོབས་རྒྱས་པ་མིན་ན་ཡང་ཤར་གྱིས་ཐལ། །རིགས་ལམ་དགའ་སྟོན་དར་བ་ཡི་གཞུང་བཟང་ན། །དགག་སྒྲུབ་དཔྱད་ཚུལ་མང་པོ་ཡི་ལེགས་བཤད་དེ། །ཡིད་ལ་ཤིན་ཏུ་འཕྲོད་ནས་ནི་བན་ཆུང་ཁོ། །རྣམ་དཔྱོད་ཆེན་པོ་མིན་ན་ཡང་སེམས་ཤིང་ཐལ། །ཨ་ཧོ་འཇམ་མགོན་བླ་མ། །ཁྱོད་ཀྱི་གསུང་རབ་ཁོ་ན། །རྒྱ་གར་མཁས་པའི་གཞུང་གི །ཁ་འབྱེད་ལྡེའུ་མིག་ཡིན་ནོ། །རྩ་འཇུག་ཊཱིཀ་ཆེན་རྣམ་གཉིས། །ཀླུ་དབང་ཟླ་བའི་དགོངས་བཞེད། །ཕྲ་ཞིབ་རིགས་ལམ་འབུམ་ཕྲག། །ཐང་མལ་བདལ་ནས་ཡོད་དོ། །ཀྱེ་མ་གསར་རྙིང་གྲུབ་མཐའི། །ཕྱོགས་ཞེན་ལིང་ཏོག་གཅིག་གིས། །ལེགས་བཤད་བལྟ་ལ་བསྒྲིབ་པས། །སྐལ་བ་ཆུང་རྣམས་སྙིང་རྗེ། །ད་ནི་འཇམ་མགོན་གཞུང་བཟང་། །སྙིང་གི་ཟེའུ་འབྲུར་བཅངས་ནས། །ཚུལ་ཁྲིམས་ཐེམ་སྐས་བཙུགས་ཏེ། །དག་པའི་ཞིང་དུ་ཆས་འགྲོ། ཞེས་པའང་ཉམས་དགའ་འགར་གླུ་རུ་བླངས་སོ།། །། 

 རྗེ་བཙུན་གྱི་བླ་མ་སངས་རྒྱས་དངོས། །ཁོང་སངས་རྒྱས་ལས་ཀྱང་དྲིན་ཆེ་བའི། །མགོན་འཇམ་དཔལ་རྣམ་རོལ་སྤྲུལ་བའི་སྐུ། །རྗེ་བློ་གྲོས་ཅན་དེ་ཡང་ཡང་དྲན། །ཡང་སྔར་ཞིག་བླ་མ་རྗེ་དེའི་སྲས། །ཆོས་གདམས་པ་ཐོབ་པའི་སྐྱིད་དགུའི་བུ། །དུས་དེང་སང་སྐྱབས་མེད་མགོན་མེད་ཀྱི། །ང་དྭ་ཕྲུག་ལས་སྡུག་པ་སུ་ཞིག་ཡོད། །སེམས་ཁོང་སོ་ཀློད་པའི་བསམ་ངོ་ལ། །ཆོས་ཐ་སྙད་ཀྱི་འཆར་སྒོ་བཀྲ་བ་ཡི། །ཁྱེད་བློ་བདེ་གུ་ཡངས་རྣམས་ཅི་དགྱེས་མཛོད། །སེམས་སྡུག་བསྔལ་ཅན་ང་ལ་སྨྲ་འདོད་མེད། །ཡང་ཚིག་ལ་ཞིབ་ཏིག་བྱེད་པ་ཡི། །ཁོང་ཐོས་བསམ་པ་ཚོ་ཅི་དགྱེས་མཛོད། །ང་དྭ་ཕྲུག་གི་རྟོག་ངོར་བླ་མ་ལས། །ཚིག་ཐ་སྙད་ཀྱི་སྤུ་རིས་མི་འདུག་ལགས། །ཡང་དོན་གྱི་ཉམས་མྱོང་ལྷུར་ལེན་པའི། །ཁྱེད་སྒོམ་ཆེན་པ་རྣམས་གང་དགྱེས་མཛོད། །ང་དྭ་ཕྲུག་གི་ཡིད་ལ་བླ་མ་ལས། །སེམས་རང་བབས་ལ་ཞེན་པ་མི་འདུག་ལགས། །ཡང་རང་གྲོལ་གྱི་གདིང་ཚོད་ཡོད་གསུངས་པའི། །ཁྱེད་རྟོགས་ལྡན་པ་ཚོ་ཅི་དགྱེས་མཛོད། །ང་དྭ་ཕྲུག་གི་སེམས་ལ་བླ་མ་ལས། །ཁོང་གྲུབ་པའི་གསང་ལམ་དེ་མེད་དོ་ལགས། །ཁྱེད་ལྟ་བ་ཀློང་གྱུར་གྱི་རིགས་ཅན་ཚོ། །ཡང་ཀུན་རྫོབ་དང་དོམ་དམ་འགོ་ཕྱེས་ཏེ། །དོན་བདེན་རྫུན་གྱི་རྣམ་གྲངས་མང་མོད་ཅིང་། །ང་དྭ་ཕྲུག་གི་སྣང་ཚོད་བཅོས་མེད་ལ། །རྗེ་སངས་རྒྱས་དངོས་དེ་གཤེགས་པ་བདེན། །དུས་ད་ལྟ་མགོན་སྐྱབས་མེད་པ་བདེན། །དོན་བདེན་པ་འདི་འདྲ་བསམ་པའི་ཚེ། །སེམས་ཁོང་ནས་སྐྱོ་སྟེ་མཆི་མ་དཀུ། །དེ་དཀུ་ཡང་འཕྱི་ཐབས་ཅི་ཞིག་ཡོད། །ཆོས་གཞུང་ལུགས་ཀྱི་ཞལ་ལུང་སུ་ཡིས་འབོག། །དོན་གདམས་ངག་གི་ངོ་སྤྲོད་སུ་ཡིས་འདེབས། །ང་དྭ་ཕྲུག་གི་སྐྱོ་བ་ཇི་ལྟར་སངས། །རྗེ་བླ་མས་བོར་བའི་མྱ་ངན་གྱིས། །ཡིད་པི་ཝང་ཁོག་པའི་རྒྱུད་ལམ་ན། །སྨྲ་འདོད་ཀྱི་རྒྱུད་ཐག་ཆད་ལགས་པས། །དོན་ཡིན་མིན་གྱི་ཤགས་འདེབས་མི་འདུག་ལགས། །ཆོས་མདོ་སྔགས་ཀྱི་མཐའ་རྒྱ་མ་ཆོད་ཅིང་། །སེམས་ཉམས་ལེན་གྱི་གནད་དོན་མ་ཕུག་བཞིན། །རྗེ་སྤྱི་གཙུག་གི་རྒྱན་དེ་བོར་བ་དང་། །ད་ཉམ་ཆུང་དུ་ཐ་མལ་སྡོད་པ་ལགས། །ཁྱེད་རིག་འཛིན་གྱི་དགོངས་བཞེད་ཟབ་ཟབ་སྐད། །ངས་ཆིག་དྲིལ་དུ་ཉམས་ལེན་མི་ནུས་ཤིང་། །དོན་འགལ་འདུ་ཅན་དུ་གླེང་བའི་ལྕེ། །ངའི་གྲེ་བའི་ཕུགས་ན་མི་བདོག་ལ། །ཡང་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་ཀུན། །ངས་ཉམས་ཉིད་དུ་རྟོགས་པ་མེད་ལགས་དེ། །ད་འགལ་འདུ་ཅན་དུ་འང་མ་གོ་བས། །ང་སྨྲ་བསམ་བརྗོད་མེད་ཀྱི་ཆ་ཆུང་ལགས། །མདོར་དྲིལ་ན་བླ་མའི་སྣང་བ་ཙམ། །ང་དྭ་ཕྲུག་གི་ཡིད་ཀྱི་འཆར་སྒོ་སྟེ། །དོན་ཡིན་མིན་གྱི་སྨྲ་བརྗོད་མི་སྤྲོ་བས། །ཁོང་སོ་སོ་རང་ལམ་གྱི་ཉམས་བཞེས་མཛོད། །དགེ་ལེགས་འཕེལ།། །།

       ན་མོ་གུ་རུ། ཀ་མ་ལ་ཡི་ཟེའུ་འབྲུའི་སྟེང་ན། །ཁ་དོག་དམར་སེར་མཚན་དཔེའི་ཕུང་པོ། །ག་ནས་མཇལ་ཀྱང་ཡིད་རབ་འཕྲོག་པའི། །ང་ཡི་ལྷ་སྐལ་མགོན་པོ་འཇམ་དབྱངས། །ཅ་ཅོ་མིན་ཏེ་ངེད་ཀྱི་མགོན་དུ། །ཆ་ལུགས་དགེ་སློང་རྣམ་པར་བྱོན་པ། །ཇ་ཆང་དཀོར་གྱི་ལོག་འཚོ་སྤངས་ཏེ། །ཉ་ཕྱིས་ལྟ་བུར་ཐུགས་རྒྱུད་དག་པ། །ཏཱ་རེས་སྐྱོང་བའི་བཤེས་གཉེན་ཆེན་པོ། །ཐ་མལ་གདུལ་བྱ་འདུལ་བའི་འདྲེན་མཆོག། །ད་ལྟའི་དུས་འདིར་འདྲན་ཟླ་བྲལ་བ། །ན་ཚའི་སྡུག་བསྔལ་བཟོད་པའི་དཔའ་བོ། །པ་ར་མི་ཏར་ནང་བྱན་ཆུད་པ། །ཕ་རོལ་མྱང་འདས་ལམ་ལ་མཁས་པས། །བ་སྤུ་གཡོ་བའི་བྱམས་དང་སྙིང་རྗེ། །མ་རྒན་འགྲོ་དོན་འབྱུངས་བའི་བྱང་སེམས། །ཙ་རི་ལ་སོགས་གནས་ཆེན་བསྐོར་ཀྱང་། །ཚ་གྲང་ལྟ་བུའི་ཉོན་མོངས་ནད་ལ། །ཛ་ཡའི་ཆོས་ཀྱི་སྨན་མཆོག་སྟེར་མཁན། །ཝ་ལེར་བཙལ་ཡང་ཁྱོད་འདྲ་རྙེད་དཀའ། །ཞྭ་སེར་རིང་ལུགས་འཛིན་པའི་སྐྱེས་མཆོག། །ཟ་ཆོག་གཏོ་མདོས་མཁས་པ་ཙམ་གྱིས། །འ་འུར་མི་ཚེ་སྡིག་སྐྱེལ་མིན་པ། །ཡ་མཚན་ཆོས་ཀྱི་གཏེར་མཛོད་ཡིན་པ། །རྭ་ལྟར་མི་མཁྲེགས་སྣབས་ལྟར་མི་འབྱར། །ལ་ལར་མི་སྡང་འགའ་རེར་མི་ཆགས། །ཤ་ཁྲག་གིས་ཀྱང་གཞན་དོན་ནུས་པའི། །ས་ཆེན་ཐོབ་པའི་སེམས་དཔའ་ཆེན་པོ། །ཧྭ་ཤིང་ལྟ་བུར་ཡིད་བྱེད་སྤངས་པ། །ཨ་དོན་སྒོམ་ལ་འཁྲུལ་བའི་ལོག་རྟོག། །ཧ་ལ་བཞིན་དུ་ངོ་སྤྲོད་འདེབས་པའི། །ཨ་ཏི་ཤ་ཡི་རྗེས་འབྲང་ཆེན་མོ། །ཨ་མ་ལས་ཀྱང་ལྷག་པའི་དྲིན་ཆེན། །ཧ་ཅང་བྱམས་བརྩེས་སྐྱོང་བའི་མགོན་གཅིག། །ས་སྟེང་འདི་ན་འདི་ལས་ལྷག་པ། །ཤ་ཁྲག་ཟད་ཟད་བཙལ་ཀྱང་དཀའ་བའི། །ལ་ལི་ཏ་སོགས་མཁས་གྲུབ་སྟོང་བས། །ར་བ་གངས་རིས་བསྐོར་བའི་ལྗོངས་འདིར། །ཡ་མ་ར་ཛའི་བསྟན་པའི་སྒོ་རུ། །འལ་འོལ་ཙམ་མིན་ལུང་རིགས་རྣོན་པོས། །ཟ་མས་བྱིས་པ་རིམ་གྱིས་སྐྱོང་ལྟར། །ཞྭ་སེར་མནབས་པའི་པཎ་ཆེན་བརྒྱུད་དུ། །ཝ་དང་སེང་གེའི་དཔེ་དང་འདྲ་བའི། །ཛ་ཡའི་དགོངས་པ་ཡིན་མིན་ཕྱེས་ཏེ། །ཚ་གྲང་ཁྱད་དུ་བསད་ནས་བཅུག་པས། །ཙ་ལའི་སེམས་འདི་ཅུང་ཟད་ཁུགས་སོང་། །མ་སྐྱེས་སྟོང་བའི་ངོ་སྤྲོད་མཛད་དེ། །བ་སྤུ་ལྡང་ཙམ་དད་པ་བྱུང་སྟེ། །ཕ་རོལ་ཕྱིན་པའི་ལམ་ཀྱི་འགྲོས་ལ། །པ་རི་པི་རའི་གོ་ཐོས་སྐྱེས་སོང་། །ན་འཆིའི་བར་ཆད་ཡང་ཡང་བསལ་ཏེ། །ད་ལྟ་བར་དུ་ལྷག་པ་ལགས་ཤིང་། །ཐ་མལ་ང་འདྲའི་ཚོད་ལ་དཔག་ན། །ཏ་ཐཱ་ག་ཏ་རྒྱུས་ཡོད་རེད་འདུག། །ཉ་མོ་འཁྱུག་འདྲའི་བག་མེད་སྤྱོད་པས། །ཇ་ཆང་བུད་མེད་འདོད་ཡོན་བསྟེན་པའི། །ཆ་སྤྱད་ངན་པས་རང་རྒྱུད་བསྲེགས་ནས། །ཅ་ལེ་ཅོ་ལེ་ངོ་མ་མིན་འདི། །ང་ཡི་སྐྱབས་གཅིག་བཀའ་དྲིན་མཚུངས་མེད། །ག་ནས་བསམ་ཀྱང་ཡིད་བཞིན་ནོར་བུ། །ཁ་ཙམ་མིན་པར་ཡིད་ཆེས་རྙེད་པའི། །ཀ་རུ་ཎཱི་དེའི་བཀའ་དྲིན་ལགས་སོ། །ཞེས་ཡི་གེའི་ཕྱི་མོ་ལུགས་འབྱུང་དང་སྦྱར་ཏེ་བླ་མའི་ཡོན་ཏན་དྲན་ཞིང་། ལུགས་ལྡོག་དང་སྦྱར་ནས་བཀའ་དྲིན་དྲན་པའི་ཉམས་དབྱངས་འདི་ནི། དྷརྨ་སཱ་རས་བར་སྐབས་སེམས་ལ་ཤར་བ་ལྟར་བྲིས་པའོ།། །།

      ཆུ་ལྷའི་མངལ་ནས་སྐྱེས་ནས་ནི། །བརྒྱ་བྱིན་པང་དུ་འཇུག་པ་ལྟའི། །ཀླུང་བཟང་གཡུ་འབྲུག་འགྲོ་བའི་འགྲམ། །དར་རྒྱས་གྲལ་དུ་བསྒྲིགས་པ་ཡི། །དར་ལ་རྒྱས་ཀྱིས་བརྒྱན་པའི་གཤམ། །སྙན་གྲགས་རི་བོའི་སྤོ་ཞིག་ན། །ཙན་དན་ནགས་ཀྱི་ཚལ་ཞིག་ཡོད། །ནགས་ཚལ་དེ་ན་སྙན་པའི་གླུ། །དུས་དང་དུས་སུ་ལེན་པ་ཡི། །ཁུ་བྱུག་ཚོགས་ཀྱང་འགའ་ཞིག་ཡོད། །ཁུ་བྱུག་རྣམས་ཀྱི་རྗེས་འབྲང་ནས། །ནགས་ན་བག་ཡངས་སྤྱོད་པ་ཡི། །བྱེའུའི་ཁྱུ་ཞིག་ཀྱང་ཡོད་དེ། །ཅིལ་ཅིལ་རིགས་སྔགས་ཀློག་པར་བྱེད། །བྱེའུའི་ཚོགས་ཀྱི་ནང་ཤེད་ན། །འཇམ་ལ་མ་དུལ་ཁོང་སྐྲན་ཅན། །བྱེའུ་ཆུང་རྣམ་དཔྱོད་གཤོག་པ་ཡིས། །རྣམ་གཡེང་རླུང་གི་གཟིངས་ཞོན་པ། །དེ་འདྲ་ཞིག་ཀྱང་མཆིས་གྱུར་ཏེ། །དུས་ཀྱི་འགྱུར་ལྡོག་ལ་སུན་ནས། །ཤིང་ལོའི་གཟེབ་ཏུ་ཡིབ་ 1པ་ཡི། །ཁུ་བྱུག་རྒན་པོ་གཙེས་སོ་ལོ། །ནགས་ཀྱི་འཁྲི་ཤིང་དེ་རྣམས་ན། །སྔོན་གྱི་དྲང་སྲོང་གིས་བཏབ་པའི། །སྨན་དེ་མྱང་ན་ཕྲལ་ཁ་ཡང་། །མྱང་གྱིན་མངར་བའི་རོ་རྡོལ་ནས། །མངར་བ་གཏུག་པ་མེད་སྤྱོད་དེ། །འཆི་མེད་ལྷ་ཡི་ལུས་གྲུབ་སྟེ། །དགའ་ལྡན་གནས་སུ་བགྲོད་གྱུར་ནས། །མི་ཕམ་གསུང་གི་བདུད་རྩི་ལ། །ཅི་འདོད་སྤྱོད་པའི་བཅུད་ལེན་རྫས། །ཤིན་ཏུ་རྙེད་པར་དཀའ་བ་ཡོད། །ཁུ་བྱུག་རྣམས་ནི་ཡང་དང་ཡང་། །བྱེའུའི་ཚོགས་ལ་མི་སྐད་དུ། །སྨན་མཆོག་འབྲས་བུ་འདི་ཟོ་ཞེས། །ནན་ཏན་ཆེན་པོས་བསྐུལ་མོད་དེ། །བྱེའུ་མཁས་པ་འགའ་དང་འགའ། །ནགས་དེར་མངོན་པར་དགའ་བ་ཡིས། །ཁུ་བྱུག་མཁས་པའི་གསུང་བཞིན་དུ། །སྨན་དེ་ཟོས་པའི་ཕན་ཡོན་གྱི། །ལུས་ཀྱི་མདངས་རྒྱས་སྤུ་མདོག་ལེགས། །ངག་སྙན་ཀུན་གྱིས་ཡིད་འཕྲོགས་ཤིང་། །ཡིད་ལ་དགའ་བའི་དཔལ་ཐོབ་སྟེ། །ཁུ་བྱུག་རྣམས་དང་ལྷན་ཅིག་རྩེ། །བྱེའུ་ཕལ་ཆེར་བླུན་པས་ན། །འཕྲལ་དུ་ཁ་བའི་རོས་སུན་ནས། །ཟོས་ཀྱིན་ཕུགས་སུ་ལེགས་པ་ཡི། །ཡོན་ཏན་མི་མཐོང་གྱི་ནར་དོར། །དེ་ཚེ་སྡིག་པ་ཅན་གྱི་ཟས། །སྲིན་བུ་ཕྲ་མོ་ལོངས་སྤྱོད་དེ། །ནགས་ལ་དགའ་བ་བྲལ་བ་ཡིས། །བས་མཐའ་བས་མཐར་བག་ཡངས་འགྲོ། །དེ་ཚེ་སྐྱབས་དང་བྲལ་བ་ཡིས། །རྒྱ་ཁྲ་འཇིགས་སུ་རུང་བ་རྣམས། །གླགས་ལྟའི་གོ་སྐབས་རྙེད་གྱུར་ཏེ། །བྱེའུའི་འཚོ་བ་འཕྲོགས་པར་བྱེད། །འགའ་ཞིག་ཁྱིམ་དུ་ཆུད་གྱུར་ཏེ། །བྱིས་པའི་ཚོགས་ཀྱིས་གཙེ་བཞིན་དུ། །མགོ་ལ་ནག་རྩིས་བྱུག་གྱུར་ཏེ། །བྱ་ཚོགས་ཁྲེལ་བའི་གནས་སུ་གྱུར། །སྐབས་དེར་ཁུ་བྱུག་རྒན་པོའི་ཁ། །གྱི་ནར་གཙེ་བའི་བྱེའུ་ཡང་། །སྨན་མཆོག་དེ་ལ་མི་ཟ་བར། །ནགས་མགུར་ཚོགས་ཀྱིི་སྐོར། 1ཚལ་དེ་ཡི་གྲྭ་ཞིག་ན། །ནམ་མཁའ་སྟོང་བའི་དབྱིངས་ཤེད་ན། །རྣམ་གཡེང་རླུང་ལ་རྟ་བྱས་ཏེ། །གཤོག་ཆུང་རྩེ་མོའི་གར་འཁྲབ་བཞིན། །ཅིལ་ཅིལ་ངག་ཀྱལ་ཁོ་ནས་འདའ། །དེ་ཚེ་ཁུ་བྱུག་རྒན་པོ་དེ། །ཡིད་ལ་དགའ་བ་མེད་ན་ཡང་། །དགའ་བའི་ཟོལ་གྱིས་བྱེའུ་དེར། །དོན་ལྡན་ཚིག་གི་གྲོས་འདི་བཏབ། །ལེགས་པར་བཞེས་ན་ཡོན་ཏན་འབྱུང་གྱུར་ཏེ། །མ་སྤྱོད་ཉེས་པ་ལྷག་པ་མངོན་སུམ་པའི། །སྨན་མཆོག་ལྷ་བརྒྱའི་ཟས་འདི་རྙེད་བཞིན་དུ། །ལོངས་སུ་མི་སྤྱོད་རང་ལ་མི་བརྩེ་བ། །མཐོང་བའི་ཆོས་ལ་མངོན་པར་དགའ་བའི་ངང་། །འཇིག་རྟེན་ཕ་རོལ་མི་ཕམ་བླ་མའི་དྲུང་། །བཅུད་ལེན་སྨན་མཆོག་ནུས་པའི་སྐད་ཅིག་ལ། །བརྫུས་ཏེ་སྐྱེ་བ་དམ་པའི་རྣམ་ཐར་ཡིན། །དེ་སྐད་མཛད་ན་ལེགས་སམ་ཉེས། །རང་གི་རྣམ་དཔྱོད་ཀྱིས་རྟོགས་ལ། །ལེགས་ན་རླུང་ལ་མ་ཞོན་པར། །སྨན་འདི་ཟོ་ཞིག་བྱེའུ་ཆུང་ཀྱེ། །ཞེས་སྨྲས་སོ།། །།

        ན་མོ་གུ་རུ། བློ་བཟང་སྙན་རྒྱུད་གདམས་པའི་གཤོག་རྩལ་རྫོགས་ཚེ། །དཀོར་ནག་ཐེད་ལ་མི་རྔམས་བྲག་དམར་རྩེ་ལ། །དགྲ་གཉེན་ཆགས་སྡང་མི་བྱེད་ནམ་འཕང་གཅོད་རྒྱུ། །བྱ་རྒྱལ་རྒོད་པོ་ངེད་གཉིས་བློ་རྩེ་མཐུན་ན། །གཞུང་ལུགས་ས་ཆེན་རིགས་པའི་མཆོང་གིས་ཆོད་ཚེ། །འདུ་འཛིའི་གྲོང་ལ་མི་དགྱེས་ནགས་ཀྱི་ཚལ་ན། །རྙེད་བཀུར་མི་གཙང་མི་ཟ་ཤར་གྱིས་མཆོང་རྒྱུ། །རྒྱ་སྟག་རི་བཀྲ་ངེད་གཉིས་བློ་རྩེ་མཐུན་ན། །བྱང་ཆུབ་སེམས་སྦྱོང་བརྒྱུད་པའི་སྐལ་བ་ཐོབ་ཚེ། །གྲགས་འདོད་བྲག་ཆ་མི་ཉན་གངས་དཀར་རྩེ་ལ། །ལོག་འཚོའི་དུག་ལོ་མི་ཟ་གཏན་དུ་སྡོད་རྒྱུ། །གངས་ 1སེང་དཀར་མོ་ངེད་གཉིས་བློ་རྩེ་མཐུན་ན། །ཆོས་བརྒྱད་སྒྱུ་མའི་གྲོང་ལ་གཏིང་ཐག་ཆོད་ཚེ། །སྐྱེ་བོའི་མིག་སྔར་མི་འཕྲད་རྫ་རིའི་ཁྲོད་ན། །འདི་སྣང་ལམ་ལ་མི་ཞེན་རི་སུལ་འགྲིམ་རྒྱུ། །ཞོལ་ཆེན་འབྲོང་མོ་ངེད་གཉིས་བློ་རྩེ་མཐུན་ན། །མང་ཐོས་སྤྲིན་སྔོན་འཁྲིགས་པའི་དུས་ཀྱི་ཚེ་ན། །བག་མེད་གྲོང་ལ་མི་རྒྱུ་ཤིང་ལོའི་གཟེབ་ཏུ། །རེ་དོགས་བག་འཁུམ་མེད་པར་གསུང་སྙན་སྒྲོག་རྒྱུ། །ཁུ་བྱུག་གཞོན་ནུ་ངེད་གཉིས་བློ་རྩེ་མཐུན་ན། །ཚེ་ལྷག་ལུག་མཇུག་ཙམ་ཡང་ཡོད་ངེས་དཀའ་སྟེ། །གལ་ཏེ་ཡོད་ན་འདི་སྣང་རེ་དོགས་བཅད་ནས། །སྐྱེས་བུ་གསུམ་གྱི་ལམ་ལ་བག་ཆགས་བཟང་བོ། །འཇོག་པས་དམ་ཆོས་སྒྲུབ་པའི་སྐལ་བ་ཡོད་ན། །བླ་མ་མཆོག་གསུམ་དམ་པའི་བྱིན་རླབས་བཟང་པོ། །བཀའ་སྡོད་སྲུང་མའི་ཚོགས་ཀྱི་འཕྲིན་ལས་བཟང་བོས། །སྨོན་པའི་དོན་རྣམས་འགྲུབ་པའི་མཐུན་འགྱུར་མཛོད་ལ། །འདི་བདེ་ཕྱི་སྐྱིད་བྱེད་པའི་སྐལ་བ་ཞུའོ། །ཞེས་བྱ་བ་འདི་ཡང་བར་སྐབས་སུ་ཡིད་ལ་ཤར་བ་ལྟར་དྷརྨ་སཱ་རས་བྲིས།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།