​སྐལ་བཟང་གྲོགས་ཀྱིས་སྤྱོད་པར་དགའ་ཞིང་རང་གི་ངང་ཚུལ་གྱི་སྐྱོ་བའི་བྲོ་གླུ་རིང་མོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:35:55     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

        ཀ་ཡེ་གྲོགས་མཆོག་ཆོས་ཀྱི་རྒྱལ་མཚན། །ཁ་དོག་སེར་པོའི་ཞྭ་ཕྲེང་བསྣམས་ནས། །ག་ཤེད་ཅིག་ནས་དྷཱི་ཡིག་བརྒྱུད་ནས། །ངར་འཛིན་འཇོམས་པའི་བགྲོ་གླེང་བྱེད་སྙམ། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །ཅ་ཅོ་མེད་པའི་སྙིང་གི་མཆེད་པོ། །ཆ་བྱད་བཟང་པོ་གྲྭ་བའི་ཆས་ཀྱིས། །ཇ་ཐུག་བཞེས་འོས་སྟོན་པས་གནང་བ། །ཉ་མོས་ཆུ་བཞིན་སྤྱད་ནས་བཞུགས་སྙམ། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །ཏཱ་རེའི་གསུང་སྒྲོག་མཛད་པའི་སྐབས་སོགས། །ཐ་མལ་སྤྱོད་ངན་འཆང་བ་ང་ཡང་། །ད་ལྟ་ཐུགས་ལ་བཟུང་ནས་ཡོད་སྙམ། །ན་རྒས་མནར་ཡང་སེམས་པ་སྤྲོ་འདུག། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །པ་ར་མི་ཏའི་ཐལ་ཕྲེང་རེ་རེས། །ཕ་རོལ་མི་གནས་མྱང་འདས་མཚོན་ཏེ། །བ་སྤུ་གཡོ་བའི་དད་མོས་ངང་ན། །མ་བཞིན་དུང་བའི་གྲོགས་དེ་བཞུགས་སྙམ། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །ཙ་ལའི་སེམས་འདི་ལང་ཤོར་བདག་ཀྱང་། །ཚ་གྲང་དཀའ་བ་ཁྱད་དུ་བསད་ནས། །ཛ་ཡ་དགྱེས་པའི་སྤྱོད་འཆང་གྲོགས་ཁྱོད། །ཝ་ལེར་དྲན་ཚེ་ནམ་ཡང་དགའ་འདུག །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །ཞྭ་བཞིན་ཐོད་དུ་བསྟེན་པའི་བཤེས་གཉེན། །ཟ་མ་རེ་བཞིན་སྤྱོད་ལམ་ལྟར་ནས། །འ་འུར་རིགས་གཞུང་ལྷང་ལྷང་སྒྲོག་བཞིན། །ཡ་མཚན་ཡོད་ཏན་བཞེས་ཁྱོད་སྐྱིད་དོ། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །རྭ་ལྟར་གྱོང་བའི་སེམས་ཉིད་བཀུག་པར། །ལ་ལ་ཙམ་མིན་རྒྱལ་བསྟན་ཡོངས་རྫོགས། །ཤཱཀྱའི་བསྟན་མཆོག་དགེ་ལྡན་ལུགས་བཟང་། །ས་སྟེང་ནོར་བུར་མཇལ་བ་སྐྱིད་དོ། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པ།ོ །ཧྭ་ཤང་ལྟ་སྒམོ ་ཕྱགོ ས་སྔར་བླངས་པའ།ི །ཨ་དོན་སྒོམ་རིམ་ལྷག་མཐོང་ཆེན་མོས། །ཧ་ཅང་མཛེས་པའི་བྱང་ཆུབ་ལམ་རིམ། །ཨ་ཧོ་ད་ནི་རང་རེས་སྒོམ་རན། །ཨེ་མ་ལ་དགའ་བས་གར་ཞིག་འཁྲབ་པོ། །ལས་ངན་ང་ནི་བརྒྱ་བསམ་གཅིག་ཀྱང་། །མི་འགྲུབ་བསོད་ནམས་བསགས་རྒྱབ་ཆུང་བས། །སྲིན་ཡུལ་འདི་ནས་ཕྱི་རུ་མ་འཕགས། །ཀྱེ་མ་བསམ་ན་སེམས་པ་སྐྱོ་འོ། །སྤྲུལ་བའི་ཟླ་ཚེས་ཐོད་ནས་ཡལ་རྗེས། །རང་ཤོང་ཁང་བུར་རེ་ཞིག་ཡིབ་སྟེ། །བླ་མ་ལྷ་ལ་གསོལ་འདེབས་བསམ་ཀྱང་། །ལོ་ཤས་ཙམ་ནས་སྡོད་དུ་མ་སྟེར། །དེང་སང་བྱང་ཐང་ཁོ་ཁོ་ཨོ་སུར། །དགའ་སྐྱོ་འདྲེས་མའི་ཉམས་ཀྱི་ངང་ནས། །ནད་རོས་མནར་བའི་སྐལ་ངན་གྲོགས་ང་། །སྨན་ལ་རེ་ནས་སྡོད་ཁུལ་ལགས་ཀྱང་། །ལས་ཀྱིས་འཕངས་པའི་རྣམ་སྨིན་ཟུག་རྔུ། །སྔོ་ལྡུམ་ཟས་ཀྱིས་བཟློག་པར་དཀའ་བའི། །ལས་འབྲས་མེ་ལོང་མིག་ལ་བཀོད་བཞིན། །གྱི་ནར་སྡོད་པ་བན་རྒན་ངང་ཚུལ། །སྐབས་རེ་རིང་ནས་གོམས་གོམས་བསགས་བསགས། །སྡིག་པའི་ཡོ་ལང་སྒྲིབ་པའི་མུན་ནག། །ཇི་ལྟར་ཆོད་སྙམ་སྡུག་བསྔལ་སེམས་འདི། །འཇིགས་ཤིང་སྐྱོ་བ་ 1ཁོང་ནས་ལང་འདུག། །སྐབས་རེ་བླ་མ་མཆོག་གི་ཐུགས་རྗེ། །དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ན། །འཁོར་བར་འཁོར་ཡང་ཡ་ང་མེད་སྙམ། །དགའ་བའི་ཡིད་འདི་མནན་ཀྱང་མི་ནོན། །ད་ནི་སྐྱིད་སྡུག་ཇི་ལྟར་གྱུར་ཀྱང་། །སྲིད་པ་ནམ་གནས་བླ་མ་རྗེ་དེའི། །རླབས་ཆེན་གཞན་དོན་སྤྱོད་པའི་བྲན་དུ། །ཕུལ་བའི་དམ་བཅའ་ཡང་ཡང་གྲུབ་པས། །ཇི་ལྟར་བྱས་ཀྱང་བླ་མའི་བྲན་ཁོལ། །གང་ལྟར་བྱས་ཀྱང་བརྒྱུད་ནས་གཞན་དོན། །རང་དབང་དོར་ནས་རྗེ་བཙུན་ཕྱག་ལ། །མོས་གུས་སྣ་ཐག་ཕུལ་ཕུལ་ཕུལ་ལོ། །ཆོས་ཀྱི་མཆེད་པོ་ལས་ཅན་ཁྱོད་ཀྱང་། །སྙིང་དབུས་པདྨ་འཛུམ་པའི་ཟེའུ་འབྲུར། །རྗེ་བཙུན་ཡིད་ཀྱི་དགའ་སྟོན་བཀོད་དེ། །གསོལ་འདེབས་གླུ་དབྱངས་ཡང་ཡང་མཛོད་དང་། །བྱང་ཆུབ་བར་དུ་བྱང་ཆུབ་ནས་ཀྱང་། །རྗེ་བཙུན་དམ་པའི་ཞབས་ཀྱི་དྲུང་དུ། །གཞན་དོན་སྒྲུབ་ལ་ཕན་ཚུན་གྲོགས་ཀྱིས། །མཛའ་གཅུགས་ཆད་པ་མེད་པ་གཞིར་བཞག། །ཚེ་རབས་འདིར་ཡང་ཕར་ཕྱིན་རྫོགས་ནས། །རང་རེ་རང་དགོན་ལྷན་ཅིག་འཛོམས་ཏེ། །ཡབ་རྗེའི་ཐུགས་བཅུད་སྒྲུབ་པས་མྱང་བའི། །སྨོན་འདུན་རྡོ་ལ་རི་མོར་བྲིས་ཤོག། །འདབ་ཆགས་རྒན་པོ་རེ་ཞིག་ང་ཡང་། །དུས་ཀྱི་རྒྱལ་པོས་མ་ཁྲིད་གྱུར་ན། །ལྷན་ཅིག་ཡང་དག་འཇོག་ལ་སྤྱོད་པའི། །ཤུགས་དྲག་འདུན་པས་བསྒུག་ནས་སྡོད་དོ། །ཞེས་སྤྲིངས་སོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།