གསར་རྙིང་མཁས་གྲུབ་བརྒྱ་ཡིས་ཕྱག་བཞེས་འཆུགས་མེད་ཀྱི་མགུར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:12:43     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

   ན་མོ་གུ་རུ་བྷྱ། སངས་རྒྱས་སྲས་དང་བཅས་པའི་གསང་གསུམ་གཅིག་འདུས། །འདྲེན་མཆོག་དཔག་བསམ་ལྗོན་པའི་འཁྲི་ཤིང་གཅིག་པུ། །འཇམ་དཔལ་གཞོན་ནུ་མི་ཡི་གར་དུ་རོལ་བའི། །ཀུན་གཟིགས་བློ་གྲོས་ཉི་མ་ཡིད་ཀྱི་ཟེའུ་འབྲུ། །ཨ་ཧོ་ཡེ་ཡིད་ཀྱི་ཟེའུ་འབྲུ། །ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །མཁའ་ལ་རལ་གྲིའི་ལྕང་ལོ་ལམ་གྱིས་འཕྱར་ཏེ། །ཀུན་རྨོངས་གླང་པོ་གསོད་པའི་ཚམས་རྔམས་ལས་ཀྱིས། །དུས་གསུམ་ཀུན་དུ་བྲེལ་བའི་གུར་ཀུམ་གཟུགས་ཅན། །རྗེ་བཙུན་ཁྱོད་མིན་གཞན་ན་མི་འདུག་ཐག་ཆོད། །ཨ་ཧོ་ཡེ་མི་འདུག་ཐག་ཆོད། །ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །ལག་ན་པད་མ་དཀར་བོའི་རྔ་ཡབ་ཐོགས་ཏེ། །འགྲོ་དྲུག་སྲིད་པའི་ཚ་གདུང་སེལ་ལ་ཆས་པའི། །ཡིད་འོང་ཟླ་བའི་མདངས་འཛིན་གངས་རིའི་མགོན་པོ། །རྗེ་བཙུན་ཁྱོད་ཡིན་ཁྱོད་ལས་གཞན་ན་མི་འདུག །ཨ་ཧོ་ཡེ་གཞན་ན་མི་འདུག །ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །ནམ་མཁའི་ལུས་ཅན་སྙིང་རྗེའི་ཐུགས་ཀྱི་འཛུམ་ཟེར། །གདུག་པ་ཅན་ལ་ཁྲོས་པའི་གཟུགས་སུ་སྟོན་པའི། །གསང་བའི་མཛོད་འཛིན་རྡོ་རྗེ་ཅན་གྱི་དབང་ཕྱུག །རྗེ་བཙུན་ཁྱོད་ཡིན་ཁྱོད་ལས་ལྷག་པ་སུ་ཞིག། །ཨ་ཧོ་ཡེ་ལྷག་པ་སུ་ཞིག། །ཨེ་མ་ལ་དགའ་བའི་རྒྱན་གཅིག། །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །སངས་རྒྱས་སངས་རྒྱས་ཟེར་ཡང་དག་པའི་མཐོང་ལུགས། །དམ་ཆོས་རྣམ་གྲངས་མང་སྟེ་ཁྱོད་ཐུགས་གསང་བ། །འཕགས་ཚོགས་དགེ་འདུན་འགྲོ་འདུལ་འཕྲིན་ལས་རྣམ་རོལ། །སྐྱབས་གསུམ་བླ་མའི་ངོ་བོར་འུབ་ཀྱིས་འདུས་འདུག། །ཨ་ཧོ་ཡེ་འུབ་ཀྱིས་འདུས་འདུག། །ཨེ་མ་ལ་དགའ་བའི་རྒྱན་གཅིག། །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །དངོས་བརྒྱུད་བླ་མའི་གྲངས་འདྲེན་གདུལ་བྱའི་སྣང་ཚོད། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་སྐུ་ཡི་རྣམ་འགྱུར། །མ་ཚོགས་མཁའ་འགྲོ་བདེ་ཆེན་གྲོགས་ཀྱི་རྫུ་བག །ཀུན་ཀྱང་བླ་མའི་རྣམ་རོལ་ཁོ་ན་རེད་འདུག །ཨ་ཧོ་ཡེ་ཁོ་ན་རེད་འདུག། །ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །ལས་ངན་རླུང་གིས་བདས་ཏེ་གྲོགས་མེད་གཅིག་པུར། །སྲིད་པའི་ཐང་ཆེན་དབང་མེད་ཉུལ་ཉུལ་ཉུལ་ཀྱང་། །རྗེ་བཙུན་བྱམས་བརྩེའི་ཕྱག་ལ་འཇུ་ས་རྙེད་ཀྱིས། །ད་ནི་གཅིག་པུར་མི་འཁྱམས་གྲོགས་བཟང་ཡོད་དོ། །ཨ་ཧོ་ཡེ་གྲོགས་བཟང་ཡོད་དོ། །ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །སྔར་བཞིན་བྱས་བྱས་བསགས་བསགས་སྡིག་པའི་འཁོར་ལོ། །བསྒྲུབས་བསྒྲུབས་ངལ་བ་དོན་མེད་རྐྱང་བ་ཡིན་ཏེ། །ད་ཕན་སྒོ་གསུམ་འདུ་བྱེད་ཕལ་མོ་ཆེ་ཞིག །རྗེ་བཙུན་གཞན་དོན་རླབས་ཆེན་སྤྱོད་དང་འདྲེས་འགྲོ། །ཨ་ཧོ་ཡེ་སྤྱོད་དང་འདྲེས་འགྲོ ། ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །ཁ་བཤད་འདོམས་པས་མི་སླེབས་གཞུང་བརྒྱའི་སྐྱོར་ཟློས། །ཐ་སྙད་ཚིག་གི་ཞིབ་ཏིག་དགོས་དགོས་དགོས་ཏེ། །ངེས་ཤེས་འཁྲིགས་སུ་ཚུད་པའི་ས་མཁན་མེད་ན། །ཚིག་སྐམ་ཤགས་ཀྱི་མཚོན་ཆས་རང་གཞན་ཕུང་སྐད། །མི་རྟོག་གཉིད་ཀྱིས་འཁོར་བའི་ནམ་རིང་འཕུལ་བའི། །བདེ་གསལ་སྒོམ་གྱི་སེམས་འཛིན་དགོས་དགོས་དགོས་ཏེ། །བསམ་གཏན་ལམ་དུ་འགྲོ་བའི་བོགས་འབྱིན་མེད་ན། །བླུན་པོ་མགུ་མགུ་འདྲ་སྟེ་ངོ་མཚར་མིན་སྐད། །གསུང་རབ་མདོ་རྒྱུད་པོ་ཏི་གང་ནས་ཀློག་ཀྱང་། །ཟབ་ཟབ་ངོ་མཚར་ཆོས་སྒོ་ཁོ་ན་ཡིན་ཏེ། །གནད་འགག་བླ་མའི་རྣལ་འབྱོར་གཅིག་ལ་དྲིལ་འདི། །གསར་རྙིང་མཁས་གྲུབ་བརྒྱ་ཡིས་ཕྱག་བཞེས་འཆུགས་མེད། ། 

 འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ངོ་མཚར་སྒྲུབ་རྒྱུད། །ཟུང་འཇུག་གྲུབ་པའི་ཕྲེང་བ་རྣམ་པ་གཉིས་ཀས། །མདོ་སྔགས་ཀླུང་བརྒྱ་འདྲེན་པའི་གནད་ཀྱི་ཡུར་བ། །རྣལ་འབྱོར་གཅིག་ལ་དྲིལ་འདིས་སེམས་པ་སྤྲོ་སོང་། །བླ་མའི་རྣལ་འབྱོར་ཟེར་ཡང་གསོལ་འདེབས་འདོན་ཆོག །ཁ་ཙམ་ཁོ་ནར་གྱེར་རྒྱུའི་ལྡེབ་གྲངས་འགའ་རེ། །ཀློག་ཙམ་མ་ཡིན་སྣང་ཚུལ་གང་ནས་གཞལ་ཀྱང་། །མོས་གུས་རྐྱེན་དུ་གྱུར་པའི་དད་པ་དད་པ། །ཨ་ཧོ་ཡེ་དད་པ་དད་པ། །ཨེ་མ་ལ་དགའ་བའི་རྒྱན་གཅིག །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །ད་ནི་མི་བཤད་རྗེ་བཙུན་ཡིད་ལ་བཅགས་ན། །ཐར་ལམ་ནོར་བ་མེད་པའི་ས་མཁན་མཛད་འགྲོ། །ད་ནི་མི་བསྒོམ་གསོལ་འདེབས་རིགས་སྔགས་བགྲང་ན། །བྱིན་རླབས་བརྒྱུད་པ་ཐོབ་པའི་རྟེན་འབྲེལ་ཡོད་དོ། །འདི་ཡིན་གཏད་སོ་མི་ཕེར་འདི་སྣང་པ་པིར། །འདི་མིན་ངེས་པ་མི་འདུག་དགྲ་གཉེན་འགྱུར་ལྡོག །ཡིན་མིན་བླང་དོར་མི་རུང་ཕ་མ་སེམས་ཅན། །དེ་དེ་བཞིན་དུ་རྗེ་བཙུན་ཐུགས་རྗེས་ངེས་རྒྱུ། །ཨ་ཧོ་ཡེ་ཐུགས་རྗེས་ངེས་རྒྱུ། །ཨེ་མ་ལ་དགའ་བའི་རྒྱན་གཅིག། །ཨ་ཨོ་ཡེ་སྐྱིད་པའི་ཉི་མ། །ཨེ་ཨེ་ཡེ་ད་ནི་ཤར་སོང་། །དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།