​ས་ཆེན་ཀུན་དགའ་སྙིང་པོའི་ཞབས་ལ་བསྟོད་པ་བཞུགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:11:01     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

         ཨོཾ་སྭ་སྟི། དཔལ་ལྡན་རིགས་སྔགས་གྲུབ་པའི་ལང་ཚོ་བེེཌཱུར་ལྕང་ལོའི་ཐོར་ཅོག་རྩེར། །ཆོས་སྐྱོང་རྒྱལ་པོའི་བརྟུལ་ཞུགས་ཟླ་ཟེར་བསྙེལ་མེད་ཀུ༵ན་ནས་ལྟུང་བ་ཡིས། །དག༵འ་བའི་འདབ་བརྒྱ་སྙིང་ནས་འཛུམས་པའི་མགོན་པོ་གྲུབ་པའི་དཔལ་ཡོན་ཅན། །རྡོ་རྗེ་འཛིན་པ་ཁྱོད་ཀྱི་ཞབས་སེན་སྲིད་པའི་མཐར་ཡང་སྤྱི་བོས་མཆོད། །དཀོ༵ན་མཆོ༵ག་གདུང་རིགས་ཆད་པ་མེད་སླད་ཆོས་ཀྱི་རྒྱ༵ལ་པོ༵འི་སྒྱུ་རྩལ་ནི། །ཁ་སར་པ་ཎིའི་གཟུགས་ཀྱི་རྣམ་པས་སྐྱེ་མེད་སྐྱེ་བར་མངོན་ཞུགས་ཏེ། །སྲིད་ཞེས་མཆོད་སྡོང་གཅིག་པུར་གྱུར་པའི་གྲུབ་པའི་ཞལ་རས་བདུད་རྩིའི་འོད། །འཇིག་རྟེན་ཀུ༵ན་ཏུ་དག༵འ་བའི་སྙི༵ང་པོ༵་ཡོངས་སུ་བཞད་ལ་ཕྱག་འཚལ་ལོ། །ཡབ་ཀྱི་བློ་གྲོས་བུམ་པར་བཟུང་བའི་ཆོས་ཀྱི་བདུད་རྩིའི་སྒོ་འཕར་བརྒྱ། །འདི་དང་ཕ་རོལ་ཀུ༵ན་ཏུ་དག༵འ་བའི་ལུགས་ཀྱི་བསྟན་བཅོས་དང་ལྷན་ཅིག། །རྣམ་པར་འཐུང་པས་མྱོས་པའི་རྣམ་དཔྱོད་ཆོས་ཀྱི་སྙིང་པོར་ཆེས་ལྕི་བས། །བྱིས་པ་བྱིས་པའི་སྤྱོད་ཡུལ་ལས་འདས་ས་ཆེན་བརྙེས་ལ་ཕྱག་འཚལ་ལོ། །བཅུ་གཅིག་བགྲང་བྱར་འཇམ་དབྱངས་བསྙེན་པས་གྲུབ་པའི་མཚན་མ་མངོན་བརྙེས་པ། །ཨ་ཙཱ་ལ་དང་ཨཱརྱ་ཏཱ་རེས་བར་ཆད་ཀུན་བསལ་དགྱེས་ཞལ་ངོམས། །སྨྲ་བའི་སེངྒེའི་མཚན་དཔེའི་དག༵འ་སྟོན་ཟླ་བ་དྲུག་ན་ 1མངོན་གྱུར་ཏེ། །མདོ་རྒྱུད་སྙི༵ང་པོ༵་ཞེན་པ་བཞི་བྲལ་གདམས་པ་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཞལ་བཟང་མངོན་དུ་གྱུར་པས་མི་འཇིགས་སྤོབས་པ་མཆོག་བརྙེས་ཀྱང་། །མདོ་རྒྱུད་རྒྱ་མཚོའི་ཕ་རོལ་སོན་པའི་མཁས་དང་གྲུབ་པའི་ཚོགས་བསྟེན་ནས། །གཞུང་ལུགས་ཀུ༵ན་ལ་ལེགས་པར་སྦྱངས་པའི་མང་དུ་ཐོས་པའི་དག༵འ་སྟོན་དང་། །ཏིང་འཛིན་སྙི༵ང་པོ༵་མི་རྟོག་བདེ་ཆེན་མངོན་དུ་མཛད་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་ཆོས་ཀུ༵ན་གྱིས་བརྒྱན་གྲུབ་པའི་དག༵འ་སྟོན་སྨིན་པ་ཡིས། །འཆད་རྩོད་རྩོམ་པའི་གསུང་གི་འོད་ཀྱིས་ལྟ་བ་ངན་པའི་མུན་སེལ་པ། །དཔལ་ལྡན་སྙི༵ང་རྗེའི་བདག་པོ༵ར་གྱུར་ཁྱོད་སྐུ་ཡི་བཀོད་པ་དྲུག་ལ་སོགས། །གཅིག་ཆར་མཛད་པའི་གྲུབ་པའི་རྩེ་དགའ་མངོན་དུ་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་དང་འགྲོ་བའི་དོན་ཆེན་རིམ་པར་བལྟར་པའི་མུཀྟི་ཀ། །ཕན་བདེའི་གསེར་གྱི་སྲད་བུར་བརྒྱུས་ཏེ་ཞིང་གཞན་བསོད་ནམས་དུས་སྨིན་ཚེ། །མི་ཕྱེད་བདེ་ཆེན་ཞི་བར་གཤེགས་ཏེ་སླར་ཡང་ཨོ་རྒྱན་ལ་སོགས་པར། །འཆི་མེད་རྡོ་རྗེའི་སྐུ་ཡི་བཀོད་པ་དུ་མས་རོལ་ལ་ཕྱག་འཚལ་ལོ། །མདོ་རྒྱུད་ཡོངས་རྫོགས་བསྟན་པའི་བདག་པོ་རྡོ་རྗེ་འཆང་དབང་བསམ་བཞིན་ཏུ། །སྙིགས་མའི་དུས་འདིར་དགེ་བའི་བཤེས་ཀྱི་རྣམ་པར་རོལ་པའི་སྒྱུ་འཕྲུལ་ལ། །ས་སྐྱ་པ་ཞེས་ས་སྟེང་ཀུ༵ན་ཏུ་གྲགས་པའི་དག༵འ་བ་འཛིན་པ་ཁྱོད། །སྙི༵ང་ནས་གུས་པས་སྐྱབས་སུ་འཛིན་ན་མགོན་པོ༵ས་རྗེས་སུ་གཟུང་པར་མཛོད། །དེ་སྐད་གསོལ་འདེབས་དཔྱིད་ཀྱི་རྒྱལ་མོའི་མགྲིན། །སྔོན་བསགས་བསོད་ནམས་ཆར་གྱི་བརླན་པ་ལས། །འོང་བའི་རང་བཞིན་བརྗོད་པའི་སྙན་ཚིག་སྤྲིན། །ཀུན་དགའ་སྙིང་པོ་ཀུན་ 11ས་ཆེན་ཀུན་དགའ་སྙིང་པོའི་བསྟོད་པ།ནས་དགྱེས་སླད་བརྩམས། །འདི་ལས་བྱུང་བའི་དགེ་ཚོགས་སྟོན་ཟླའི་ཟེར། །ས་ཆེན་རིང་ལུགས་དྲི་བྲལ་ཀུ་མུ་ཏས། །འཐུང་པའི་བློ་གྲོས་དྲི་བསུང་ཡོངས་འཕེལ་ཏེ། །རྗེ་བཙུན་ཡབ་སྲས་རྗེས་སུ་བདག་འཇུག་ཤོག། །ས་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱིས། །འབད་པས་བཙལ་པའི་འཁྲུལ་མེད་རང་ལུགས་ཀྱིས། །བསྟན་པའི་རྒྱལ་མཚན་ཀུན་ནས་བསྒྲེངས་པ་ལ། །ཀུན་དགའ་སྙིང་པོ་ཇི་བཞིན་བདག་འགྱུར་ཤོག། །ས་ཆེན་རང་ལུགས་བསྟན་པ་སྤེལ་པ་དང་། །ས་འདིར་ཕན་བདེའི་གཞི་རྩ་འཛུགས་པ་ལ། །དཔལ་ལྡན་གུར་གྱི་མགོན་པོས་གྲོགས་མཛད་ནས། །ས་ཆེན་ཡབ་སྲས་ཐུགས་དགོངས་རྫོགས་གྱུར་ཅིག། །ཅེས་ས་ཆེན་ཆོས་ཀྱི་རྒྱལ་པོ༧ཀུ༵ན་དག༵འ་སྙི༵ང་པོ༵་དཔལ་བཟང་པོའི་ཞབས་ལ་བསྟོད་པ་ཚིགས་སུ་བཅད་པ་འདི་ཡང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ༧འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ལས་སྐྱེས་ཤིང་། ས་ཆེན་ཡབ་སྲས་ལ་གཡམ་རྒྱུག་ཙམ་མིན་པར་དད་པ་ཐོབ་པའི་བན་ཆུང་རིགས་པར་སྨྲ་བ། ཚངས་སྲས་སྙེམས་པའི་སྡེས་རྣམ་རྒྱལ་ཆོས་གྲྭ་རུ་བྲིས་པ་བི་ཛ་ཡནྟུ།།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།