​ས་ཆེན་བསོད་ནམས་རྩེ་མོའི་ཞབས་ལ་བསྟོད་པ་བཞུགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-05 21:09:13     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

           ཨོཾ་སྭ་སྟི། གང་གི་བསོ༵ད་ནམ༵ས་ཞལ་བཟང་བཞད་པའི་ངོ་མཚར་ཡིད་ལ་ཆེས་ལྕི་སྟེ། །འཇམ་པའི་རྡོ་རྗེའི་སྒྱུ་འཕྲུལ་རོལ་མོ་རྡོ་རྗེ་ཐེག་པའི་དབང་ཕྱུག་ཆེ། །དཔལ་ལྡན་ས་སྐྱའི་དགའ་བའི་ཚལ་དུ་འཁྲུངས་པའི་ཡེ་ཤེས་རི་མོ་ལ། །མཁའ་སྤྱོད་མིག་ཡངས་མ་ཚོགས་བྲིས་པའི་གྲུབ་པའི་རྩེ༵་མོ༵་བདག་གི་སྐྱབས། །དེ་ཚེ་ཤཱཀྱའི་རྒྱལ་པོའི་སྐུ་དང་ཡུལ་གྱིས་དགྱེས་པའི་ལང་ཚོ་ནི། །མཚན་དཔེས་མཛེས་ཤིང་སྐྱིལ་ཀྲུང་གིས་བཞུགས་བདག་ཉིད་བྱིས་པའི་སྤྱོད་པ་ལས། །འདས་སོ་ཞེས་པའི་འཇིགས་མེད་ང་རོ་ཚངས་པའི་དབྱངས་ཀྱིས་ལན་གཉིས་སུ། །རྣམ་པར་སྒྲོགས་པའི་བསོ༵ད་ནམ༵ས་དབང་ཕྱུག་འཕགས་ཚོགས་རྩེ༵་མོ༵་ཁྱོད་ལས་སུ། །བགྲང་བྱ་གསུམ་པར་འཇམ་དཔལ་ཉིད་ཀྱིས་འཇམ་དཔལ་དང་ནི་ཀྱེ་རྡོ་རྗེ། །ཨཱརྱ་ཏཱ་རེའི་ཞལ་གཟིགས་ཚུལ་བསྟན་རྒྱུད་གསུམ་དང་ནི་བདེ་མཆོག་རྒྱུད། །ཀུན་ལས་བཏུས་ལྔ་ཐུགས་ལས་གསུང་སྟེ་སྔོན་ནས་སྦྱང་བའི་འབྲས་རྟགས་ཀྱིས། །འཕགས་ཡུལ་པཎ་ཆེན་བཅུ་གཅིག་བརྒྱུད་དེ་འཁྲུངས་པ་གཞན་ལའང་མངོན་སུམ་བཞིན། །མདོ་རྒྱུད་མན་ངག་ཆུ་ཀླུང་འབུམ་བཞེས་ཐུབ་བསྟན་ཆུ་ཡི་གཏེར་འཛིན་ཞིང་། །འཆད་རྩོད་རྩོམ་པའི་ཟག་མ་འབུམ་འཕྲོ་ཁྱད་པར་རྒྱུད་དོན་རྒྱ་མཚོ་ལ། །དབང་བསྒྱུར་གྲུབ་པའི་ཀླུ་དབང་ཞེས་བྱར་གངྒཱ་ཚུན་ཆད་ གྲགས་པའི་རྔ། །ཕྱོགས་ཀྱི་བུ་མོས་བརྒྱུད་པའི་ཚུལ་འདིས་བརྟན་པ་མི་འཕྲོག་བློ་ལྡན་སུ། །ལམ་དང་འབྲས་བུའི་ཆོས་ཀྱི་ཞལ་ལུང་སྐལ་བཟང་གསོས་སུ་བསྩལ་བའི་ཚེ། །ནམ་མཁར་མཆོད་ཚོགས་སྤྲིན་བཞིན་འཁྲིགས་དབུས་འཇམ་དཔལ་དབྱངས་དང་བིརྺ་པ། །སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་པས་ཆོས་ཀྱི་བདུད་རྩི་ཡོངས་གནང་པས། །ཏིང་འཛིན་ཁྱད་དུ་འཕགས་པའི་བདེ་བས་སྐལ་བཟང་ཚོགས་རྣམས་མྱོས་འདི་རྨད། །ཁྱད་པར་གྲགས་པའི་བསོ༵ད་ནམ༵ས་དཔལ་དུ་སྤྲུལ་པའི་དཀྱིལ་འཁོར་མངོན་མཛད་དེ། །ཏིང་འཛིན་རྩེ༵་མོ༵་བདེ་ཆེན་སྒོ་བརྒྱ་བསམ་མི་ཁྱབ་པ་དབྱེ་མཛད་པའི། །མགོན་ཁྱོད་ངེས་པར་རྡོ་རྗེ་འཆང་དངོས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །སྣ་ཚོགས་འགྲོ་བ་འདྲེན་པའི་དཔལ་དུ་ཐ་མལ་དགེ་བའི་བཤེས་ཀྱི་གཟུགས། །དེ་ལྟར་དོན་དུ་སྐྱེ་འཆི་གཉིས་མེད་མི་ཤིག་རྡོ་རྗེའི་སྐུར་བརྙེས་པས། །འཁོར་ཚོགས་དུ་མས་བསྐོར་བའི་དབུས་ན་ཆོས་ཀྱི་ཞལ་ལུང་གསུང་གི་འཕྲོར། །ལྷ་ཡི་རོལ་མོའི་སྒྲ་དང་བཅས་ཏེ་བདེ་བ་ཅན་དུ་སྐུ་དེ་ཉིད། །མངོན་སུམ་གཤེགས་མཛད་བསོ༵ད་ནམ༵ས་རྒྱ་མཚོའི་རྩེ་མོར་གྱུར་པ་ཁྱོད་ལ་འདུད། །དེ་ལྟར་དད་པས་བསྟོད་པའི་ཀོ་ཀི་ལ། །ས་ཆེན་བསྟན་བའི་ལྗོན་ཤིང་ཡལ་ག་རུ། །མངོན་པར་འཁྱུད་པའི་དཔྱིད་ཀྱི་དུས་སྟོན་ནི། །སྤེལ་བྱེད་རིགས་པར་སྨྲ་བ་ཨཾ་གུ་རྣ། །འདི་ལས་བྱུང་བའི་དགེ་ཚོགས་སྟོན་ཟླའི་ཟེར། །ས་ཆེན་རང་ལུགས་དྲི་བྲལ་ཀུ་མུ་ཏས། །འཐུང་པའི་བློ་གྲོས་དྲི་བསུང་ཡོངས་འཕེལ་ཏེ། །བསོད་ནམས་རྩེ་མོ་ཇི་བཞིན་བདག་འགྱུར་ཤོག། །ས་ཆེན་རང་ལུགས་བསྟན་པ་སྤེལ་བ་དང་། །ས་འདིར་ཕན་བདེའི་གཞི་རྩ་འཛུགས་པ་ལ། །དཔལ་ལྡན་ ས་ཆེན་བསོད་ནམས་རྩེ་མོའི་བསྟོད་པ།གུར་གྱི་མགོན་པོས་གྲོགས་མཛད་ནས། །ས་ཆེན་ཡབ་སྲས་ཐུགས་དགོངས་རྫོགས་གྱུར་ཅིག། །ཅེས་ས་ཆེན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན༧བསོད་ནམས་རྩེ་མོའི་ཞབས་ལ་བསྟོད་པ་ཚིགས་སུ་བཅད་པ་འདི་ཉིད། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ༧འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ལས་སྐྱེས་ཤིང་། ས་ཆེན་ཡབ་སྲས་ལ་གཡམ་རྒྱུག་ཙམ་མིན་པའི་དད་པ་ཐོབ་པའི་བན་ཆུང་རིགས་པར་སྨྲ་བ་ཚངས་སྲས་སྙེམས་པའི་སྡེ་ཞེས་བྱ་བས་རྣམ་རྒྱལ་ཆོས་གྲྭལ་བྲིས་པ་བི་ཛ་ཡནྟུ།།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།