​དབེན་གནས་དང་ལམ་རིམ་ཟུང་འཇུག་ཏུ་སྨོན་ལམ་བྱ་བ་བཟང་པོའི་བག་ཆགས་འགུག་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 21:55:08     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

       ན་མོ་གུ་རུ། །བླ་མ་མཆོག་དང་དབྱེར་མེད་ཤཱཀྱའི་གཙོ། །སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས། །འཕྲིན་ལས་མྱུར་མ་དཔའ་མོའི་འཇིགས་བརྒྱད་སྒྲོལ། །བདག་གི་བསམ་དོན་འགྲུབ་པའི་བྱིན་རླབས་སྩོལ། །ཡིད་འོང་དྲི་བསུང་མངར་པོའི་རྫི་འཐུལ་པས། །རྐང་དྲུག་ཚོགས་རྣམས་མྱོས་པའི་གླུ་ལེན་ཞིང་། །སྣ་ཚོགས་མེ་ཏོག་འཁྲིགས་པའི་ནེའུ་སང་ལྗོངས། །སྐྱེ་བོའི་རྒྱུ་འགྲུལ་མེད་པའི་གནས་རྣམས་སུ། །ཐེག་མཆོག་༝ །དྭངས་བསིལ་ཡན་ལག་བརྒྱད་ལྡན་ཆུ་བོའི་འགྲམ། །ངང་པ་ཁྲུང་ཁྲུང་ངུར་པ་མཐིང་རིལ་སོགས། །བྱ་ཚོགས་བག་ཕེབས་སྐད་སྙན་འབྱིན་པའི་གནས། །ཉམས་དགའ་གུད་ཡངས་ཆུ་ཤིང་འཁྲིགས་པའི་དབུས། །ཐེག་མཆོག་༝བཻཌཱུར་ཁུ་བ་འཁྱིལ་འདྲའི་སྔོ་ལྗང་མཚོ། །གསེར་མིག་བཀྲ་བའི་ཉ་ཚོགས་རབ་འཕྱོ་བཞིན། །ཉེར་ཉེར་རླུང་གིས་བསྐྱོད་པའི་རླབས་ཕྲེང་གིས། །ལྦུ་བ་དཀར་པོ་གསོག་པའི་གླིང་ཡངས་པོར། །ཐེག་མཆོག་༝། །ཕན་ཚུན་ཡལ་ག་སྦྲེལ་བའི་འཁྲི་ཤིང་ཚོགས། །ཀུན་ཏུ་འཁྲིགས་པར་འཇོལ་མོ་ཁུ་བྱུག་སོགས། །ནགས་ཀྱི་བྱ་ཚོགས་སྙན་པའི་སྐད་སྒྲོགས་པའི། །དྲང་སྲོང་གནས་མཆོག་ཞི་བའི་ནགས་རྣམས་སུ། །ཐེག་མཆོག་༝རང་བྱུང་བྲག་དམར་སྤོ་མཐོ་བརྩེགས་པའི་ངོས། །བྱ་རྒྱལ་ལྡིང་ཞིང་འུག་པས་ཧུང་སྒྲའི་གཏམ། །རྒྱུན་ཆད་མེད་པའི་བྲག་སྐྱིབ་ཁོད་ཡངས་པོར། །བདག་མེད་རང་ཤོང་རྡོ་ཡི་སྤྱིལ་བུ་རུ། །ཐེག་མཆོག་༝ །རྩེ་མོ་ན་བུན་དཀར་པོས་རབ་གཡོགས་ཤིང་། །ལྷུང་ལྷུང་ཕུ་ཆུ་ཆད་མེད་འབབ་པ་ཡི། །རབ་མཐོ་ལྷུན་སྟུག་རྫ་རི་སྨུག་པོའི་མགུལ། །རི་དྭགས་ཚོགས་ཀྱིས་རྩེད་བྲོ་འཁྲབ་པ་རུ། །ཐེག་མཆོག་༝ །ཚ་བའི་གདུང་མེད་ངང་གིས་བསིལ་བ་ཡིས། །བྱིངས་པ་སེལ་ཞིང་རིག་པ་དྭངས་པའི་གནས། །རབ་དཀར་གངས་རིའི་ཕྲེང་བ་དངར་པའི་སྟོངས། །འདུ་འཛི་བྲལ་བས་བསམ་གཏན་འཕེལ་བ་རུ། །ཐེག་མཆོག་༝ །དེ་ལྟའི་དབེན་པ་འཕགས་པའི་ཚོགས་རྣམས་དང་། །དྲང་སྲོང་རིག་འཛིན་གྲུབ་པའི་བསྟི་གནས་སུ། །ཆོས་གོས་གནས་མལ་རྙེད་བཀུར་ངན་ངོན་གྱིས། །ཆོག་ཤེས་འདོད་པ་ཆུང་དང་སྤོང་སྒོམ་ལ། །དགའ་བའི་འཕགས་པའི་རིགས་བཞིར་གནས་ནས་ནི། །ཉིན་རེ་བཞིན་ཡང་ཐབས་མཁས་གསུམ་ལྡན་གྱིས། །ཐེག་མཆོག་སྒྲུབ་པ་སྙིང་པོར་བྱེད་པ་ཡི། །བླ་མ་རྒྱལ་བ་སྲས་བཅས་མཆོད་པར་ཤོག། །ཅེས་དབེན་པའི་གནས་དང་ཐེག་པ་ཆེན་པོའི་ལམ་རིམ་ཟུང་དུ་འཇུག་པའི་ཟུང་འཇུག་རིན་པོ་ཆེ་ལ་སྨོན་ལམ་དུ་བྱ་བ་བཟང་པོའི་བག་ཆགས་འགུག་པའི་ལྕགས་ཀྱུ་འདི་ནི། མདོ་ལས་ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རྟེན་འབྲེལ་མི་བསླུ་བའི་བདེན་པ་ཆུད་མི་ཟ་བར་བསམ་ཏེ་རང་གི་རྒྱུད་ལ་ཐེག་པ་ཆེན་པོའི་ལམ་གྱི་བག་ཆགས་ཅུང་ཟད་རེའང་ཐེབ་ན་ཅི་མ་རུང་སྙམ་དུ་དགའ་སྤྲོ་དང་བཅས་ཏེ་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆེད་དུ། དྷརྨ་སཱ་ར་ཞེས་བྱ་བས་གསང་བདག་མི་ཡི་ཟོལ་དུ་བཞུགས་པའི་རིགས་སྔགས་འཆང་བའི་དགའ་ཚལ་དུ་བསྒྲིགས་པ་ཡིན་པས་དེ་བཞིན་ཏུ་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་རྣམས་ཀྱིས་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།