​རང་རྒྱུད་སྐུལ་འདེབས་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 21:39:29     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

        ལྷ་དཀོན་མཆོག་གསུམ་ལ་གུས་པའི་ཕྱག་འཚལ་ལོ། །མི་བདག་ནི་སྡུག་བསྔལ་འཁོར་བའི་གནས་འདི་ན། །ཡང་གཅིག་པུར་གྲོགས་མེད་འཁྱམས་པ་དེང་གི་དུས། །ཆོས་ཟབ་རྒྱས་གདམས་པའི་བདུད་རྩི་བླུད་པའི་མ། །རྗེ་བཙུན་གྱི་མགོན་པོ་འཇམ་དཔལ་རོལ་བའི་བློ། །ཁོང་ད་ལྟ་མཇལ་སྙིང་འདོད་དེ་སེམས་གདུངས་ཀྱང་། །ལས་བསོད་ནམས་ཞིང་དུ་དེང་སང་མ་བཞུགས་པས། །ཡིད་དད་པའི་ཟེའུ་འབྲུར་མགོན་ཁྱོད་ཡོངས་བཀོད་དེ། །ཕ་ཁྱེད་ལ་རྩེ་གཅིག་གསོལ་བ་འདེབས་ལགས་ན། །རྗེ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཐུགས་རྗེ་ཅན། །ཐུགས་བྱམས་བརྩེའི་འཛུམ་མདངས་ལྷག་གེར་དགོངས་མཛོད་ལ། །མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །ཆོས་ཟབ་མོ་གཞུང་བརྒྱ་འདུས་པའི་གདམས་པའི་གཏེར། །ནད་ཉོན་མོངས་ཁོང་སྐྲན་འཇོམས་པའི་དཔའ་བོའི་མཆོག། །གསུང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡི། །ཚིག་གྲག་སྟོང་གླུ་དབྱངས་རྣ་བར་འབྲལ་མེད་མཛོད། །དོན་དང་པོར་ཆོས་ལ་བསྐུལ་བའི་མི་རྟག་ཆོས། །ཆོས་བར་དུ་ཐར་བ་འདོད་པའི་ངེས་འབྱུང་བློ། །བློ་ཐ་མ་གཞན་དོན་སེམས་པའི་ཐེག་ཆེན་སེམས། །སྤྲང་བདག་གི་སེམས་ལ་ལྷན་ནེ་འཁྲུངས་བར་ཤོག། །ཡང་ལེགས་པར་སོམས་དང་རྗེ་བཙུན་དེ་ཡི་སྲས། །དོན་གདམས་པ་ཟབ་མོས་གཅེས་པར་བསྐྱངས་པའི་བུ། །ཆོས་གཞན་ལ་འཆད་པའི་སློབ་དཔོན་སྐད་པ་ཁྱོད། །ཁྱོད་རང་གི་ཤེས་རྒྱུད་དེང་སང་ཇི་ལྟར་གདའ། །ལར་རང་གི་སྐྱིད་སྡུག་འབྱུང་འགྱུར་ཅི་ཡིན་སྙམ། །བློས་ལེགས་པར་དཔྱད་པའི་ཤེས་ངོ་དེ་ཀ་ན། །སེམས་བདེ་མོར་སྡོད་པའི་གདེང་ཚོད་ཅི་འདུག་ཅེས། །དུས་དངེ ་སང་བསམ་མནོ་གཏོང་བའི་དུས་སུ་གདའ། །རྟེན་དལ་འབྱོར་རིན་ཆེན་རྙེད་པར་དཀའ་འོ་ཞེས། །ཆོས་མདོ་རྒྱུད་རྣམས་ལས་ལན་གཅིག་མིན་པར་གསུངས། །ད་འོན་ཏེ་ཁོ་བོས་བློ་ཡིས་དཔྱད་ན་ཡང་། །རྒྱུ་དགེ་བའི་ལས་ལ་ཅི་ཙམ་བརྩོན་དཀའ་བ། །དེ་ཙམ་དུ་འབྲས་བུ་བདེ་འགྲོའི་འགྲོ་བ་ཡང་། །རྙེད་དཀའ་བ་རིགས་པས་དཔག་ན་ཤེས་པར་སླ། །དུས་དབྱར་གྱི་ལུང་བ་རེ་རེའི་ནང་ཤེད་ན། །ཁོང་འབུ་སྲིན་ཕྲ་མོ་ཟིར་ཟིར་རྒྱུ་བ་ཡི། །གྲངས་འདི་འདྲ་འཛམ་གླིང་མི་ཡི་གྲངས་ལ་ཡང་། །རྙེད་དཀའ་ན་དལ་འབྱོར་རིན་ཆེན་ཇི་ལྟར་རྙེད། །དོན་དེ་ལྟར་བསམས་ན་སྟོང་གསུམ་ཁྱོན་གང་བའི། །རྒྱ་མཚོ་རུ་གསེར་གྱི་གཉའ་ཤིང་བུ་ག་རུ། །རུས་སྦལ་གྱི་མགྲིན་པ་འཕྲད་པར་སྲིད་དཀའ་ཡི། །དཔེ་དེ་ལ་བདག་སེམས་འཕྲིགས་སུ་ཚུད་པར་བྱུང་། །ཁྱོད་མ་འཁྲུལ་དྷརྨ་སཱ་རཿཞེས་བྱའི་མིང་། །དོན་སོམས་དང་ཆོས་ཀྱི་རྒྱ་མཚོར་གྲགས་པ་ཁྱོད། །རྟེན་རྙེད་དཀའ་རྙེད་འདི་རྙེད་ནས་ད་ལྟའི་བར། །ཕལ་ཆེར་ཞིག་ཆུད་ཟོས་སོང་ཀྱང་མི་འགྱོད་དམ། །ཚེ་ལྷག་མ་ལོ་ཤས་བསྡད་པ་ཡོད་སྲིད་ཀྱང་། །ཡང་འདི་བཞིན་ཆུད་ཟོས་བྱེད་རྒྱུ་ཡིན་ནམ་ཅི། །ཁྱོད་ཚེ་འདིའི་སྣང་ཤས་གདོན་གྱིས་ཐེབས་པ་དང་། །ཡང་རྟག་འཛིན་ནད་ཀྱིས་མནར་ལུགས་ཤེས་སམ་ཅི། །དོན་ཞིབ་ཏུ་སོམས་དང་ཆོས་རྗེ་བླ་མའི་སྲས། །ཆོས་སེམས་ལ་མེད་ན་ཆོས་ཀྱི་ཅི་ཞིག་ཕན། ། ༈ ལར་རྫོགས་སངས་རྒྱས་དེའི་ཞལ་ནས་འདི་སྐད་དུ། །སྲིད་གསུམ་གྱི་དངོས་ཀུན་མི་རྟག་འགྱུར་བའི་དཔེ། །སྟོན་དུས་ཀྱི་སྤྲིན་གྱིས་འདུ་འགོད་ལྟ་བུར་གསུངས། །དོན་དེ་ལ་ཁྱོད་བློ་འདྲིས་པ་མེད་འདིས་ནོངས། །དུས་ད་ལོ་དེ་རིང་བདེ་མོར་ཡོད་དོ་སྐད། །ངོ་མཚར་དང་སྐྱིད་དུ་གཏིང་ནས་རློམ་བཞིན་དུ། །ད་ཅི་འགྱུར་མོ་དང་མངོན་ཤེས་མཁན་པོ་ལ། །བློ་འདྲི་བཞིན་ད་དུང་མི་རྟག་མི་དགོངས་སམ། །འདི་གདོན་གྱིས་ཐེབས་པ་མིན་ན་ཇི་ལྟར་ཡིན། །ཁོང་འདུས་བྱས་རྟག་པར་བསྡད་པ་མེད་པ་སྟེ། །དོན་མངོན་སུམ་ལགས་ཀྱང་མི་རྟག་ལྐོག་གྱུར་པས། །ཆོས་ཟབ་མོ་ཡིན་ནོ་སྙིང་གི་མཐིལ་དུ་གྱིས། །ཡང་དང་པོར་མ་བུ་གཅིག་ལ་གཅིག་འདུན་པ། །འབྲལ་བཟོད་བླག་མེད་པར་ཡུན་རིང་འགྲོགས་འདོད་ཀྱང་། །དུས་རེ་ཞིག་ཙམ་ན་མ་བུ་སོ་སོ་རུ། །ཤིང་ལོ་མ་བྲུལ་བ་སླར་མི་འབྱར་བཞིན་འགྲོ། །དོན་འདི་ལ་བསམ་ན་མི་རྟག་མི་དྲན་ནམ། །ཡང་རེ་ཞིག་གཅེས་ཕྲུག་གཞོན་ནུ་ཕོ་མོ་ཟུང་། །སྙིང་མཛའ་གཅུགས་དམ་པོས་ལྷན་ཅིག་བསྡེབས་ན་ཡང་། །ཁོང་མི་འདོད་བཞིན་དུ་ཚོང་འདུས་མགྲོན་པོ་ལྟར། །ཡང་བྱེ་བྲལ་བྱས་པས་མྱ་ངན་ཁུར་བོས་ནོན། །དོན་འདི་ལ་བསམས་ན་མི་རྟག་མི་དྲན་ནམ། །དུས་སྔ་ལོ་སང་གནང་ལོ་དང་ཟླ་བའི་ཚེས། །ཟས་ཞིམ་པོའི་རོ་དང་འཇམ་པོའི་གོས་བསགས་བསགས། །ཁོ་བྱི་བས་བསགས་ཀྱང་ཟ་བའི་དབང་མེད་ལྟར། །ལོ་ཕྱི་མར་བསྐྱུར་ནས་ཤི་བ་མཐོང་བ་ན། །དོན་དེ་ལ་བསམ་ན་མི་རྟག་མི་དྲན་ནམ། །ཡང་སྤང་ལྗོངས་མརྒད་ཞུན་མ་བརྡལ་འདྲ་ན། །སྦྲ་མིག་སྨན་མདོག་ཅན་མཐོང་ན་མཛེས་པའི་ངོགས། །ཕྱུགས་དཀར་ནག་ཁྱུ་ཚོགས་མང་པོས་བརྒྱན་པ་ཡི། །གཞི་འབྱོར་ལྡན་དེ་འདྲ་རྣམས་ཀྱང་རེ་ཞིག་ན། །ཁོང་རྒན་གཞོན་ངེས་མེད་ཤི་ནས་སྟོང་གྱུར་ཏེ། །ཕྱུགས་རྐང་བཞིའི་ཚོགས་ཀྱང་ཕྱོགས་བཞིར་ཁྱེར་ནས་འགྲོ། །སྦྲ་རེ་ཧྲུལ་ས་ལ་རུལ་བ་མཐོང་ན་སྨེ། །དོན་འདི་འདྲ་བསམ་ན་མི་རྟག་མི་དྲན་ནམ། །ཡང་ནགས་ཚལ་བྲག་རི་འཐབ་པའི་རི་ཞོལ་ན། །གནས་ཁང་བ་བརྩེགས་པ་ལྷ་ཡི་ཁང་བཟང་འདྲ། །རྫས་ཡོ་བྱད་འབྱོར་བ་ཀླུ་ཡི་བང་མཛོད་བཞིན། །ཞིང་འབྲུ་རིགས་སྨིན་པའི་ས་ཆེན་ཐོབ་པ་ཡང་། །དུས་ལོ་ཤས་སོང་ཚེ་བཅའ་ག་ཡོ་བྱད་ཟད། །འབྲུ་ལོ་ཏོག་ཞིང་ས་དུམ་བུར་བགོས་ནས་སྟོང་། །མཐར་ཁང་རུལ་གྱང་ལོག་ཡོལ་བ་བྲིས་འདྲ་ན། །ཁྱོད་མི་རྟག་མི་དྲན་ཁོང་ན་སྙིང་མེད་དམ། །ཁོང་སྡེ་དགོན་འཛིན་པའི་བླ་ཆེན་རྒྱལ་པོའི་ཚོགས། །སྐུ་དྲེགས་པ་ཆེ་བས་འཁོར་ཚོགས་མང་ན་ཡང་། །ལར་གཅིག་ཀྱང་མི་འཁྲིད་གཅིག་པུར་ཕེབས་ལེགས་ན། །ཁྱོད་གཉེན་བཤེས་མ་བསམ་འཇིག་རྟེན་ཕྱི་མ་སོམས། །ཡང་ནོར་མང་ལྡན་པའི་འབྱོར་ལྡན་ཕྱུག་པོའི་ཚོགས། །ནོར་རིན་ཐང་ཅན་ལ་འབྲལ་བའི་གླགས་མེད་བཞིན། །ནོར་བཟང་དགུ་ཤུལ་དུ་བཞག་ནས་ཤི་ལགས་ན། །ཁྱོད་ནོར་རྫས་མ་བསམ་འཇིག་རྟེན་ཕྱི་མ་སོམས། །ཚེ་འདི་ལ་ནོར་དང་ཁེངས་དྲེགས་ཅི་ཙམ་དུ། །འབྱོར་ན་ཡང་འཆི་ཚེ་ལག་པ་སྟོང་བ་རུ། །སྡིག་རི་བོ་ཙམ་པ་ཁུར་ནས་འགྲོ་དགོས་ན། །ཁྱོད་ཚེ་འདི་མ་བསམ་འཇིག་རྟེན་ཕྱི་མ་སོམས། །དགྲ་འཆི་བདག་ཐོག་ཏུ་གློ་བུར་བབས་པའི་ཚེ། །ཁོང་ཕྱི་མའི་ལམ་ལ་ལམ་ཆེན་གཉིས་སྣང་སྟེ། །ཆོས་དགེ་བའི་ཐེམ་སྐས་ཡོད་ན་མཐོ་རིས་འགྲོ། །དེ་ཡོད་དམ་མེད་ཅེས་རང་སེམས་དཔང་དུ་ཚུགས། །ད་འདི་སྣང་བདེ་སྡུག་བསམ་ནས་དུས་ཡོལ་ནས། །ཚེ་ཕྱི་མ་བསམ་པ་ཡིད་ཡུལ་མི་དྲན་ན། །ཁོ་བསམ་བསམ་ཚེ་འདིའི་སྣང་བ་ནུབ་སྟེ་ཐལ། །དོན་མ་བསམ་ཕྱི་མའི་སྣང་ཚུལ་མངོན་གྱུར་ཚེ། །གནས་མཐོ་རིས་འགྲོ་བའི་ལམ་ཞིག་མི་འདུག་པས། །ད་ངན་སོང་ལྟུང་བ་ལས་གཞན་འོས་མེད་ན། །དུས་དེ་ཚེ་སུ་ཡིས་སྐྱོབ་ཅེས་དེ་རིང་སོམས། །ཕྱོགས་གང་དུ་བལྟས་ཀྱང་ལྕགས་བསྲེགས་ལས་གྲུབ་པའི། །ས་རི་ཐང་ཐམས་ཅད་མེ་འདག་དམར་ལམ་ལམ། །ལུས་བཙོ་སྲེག་སྡུག་བསྔལ་མང་པོ་མྱོང་དགོས་ན། །གནས་དམྱལ་བའི་སྒོ་འཕར་དེང་སང་མི་གཅོད་དམ། །ཡང་མུན་ནག་འཁྲིགས་པ་གངས་རིའི་སྦུབས་ཤིག་ན། །ལུས་ལྷགས་སྐྱོབ་གོས་མེད་གཅེར་བུར་འཁུམ་པ་ན། །ཕྱོགས་བཞི་ནས་ལྡང་བའི་བུ་ཡུག་གིས་བཏབ་པའི། །སྡུག་བཟོད་དམ་མི་བཟོད་དེང་སང་འདམ་ག་ཡོད། །ཡང་ཡན་ལག་ཕྲ་ལ་ལྟོ་བ་རི་ཙམ་པའི། །གཟུགས་མི་སྡུག་ལུས་པོ་བཀྲེས་སྐོམ་གྱིས་མནར་ནས། །ལོ་བརྒྱ་ཕྲག་མང་པོར་སྡོད་པའི་ཡི་དྭགས་ཀྱང་། །སང་རང་ཐོག་འབབ་སྙམ་ཕྱི་མའི་དོན་ལ་སོམས། །ཁོང་ལྷུན་པོའི་ཞོལ་ན་མཚོ་གླིང་མུན་ནག་ཁྲོད། །གཅིག་གཅིག་ལ་ཟ་བའི་དུད་འགྲོ་བྱིངས་དང་ནི། །གནས་འདི་ན་བཀོལ་སྤྱོད་དྲག་པོས་མནར་བ་ཡི། །དམན་དུད་འགྲོ་མཐོང་ནས་ཕྱི་མའི་དོན་ལ་སོམས། །སྡུག་དེ་འདྲ་སྐྱོབ་པའི་བསླུ་མེད་སྐྱབས་ཀྱི་གཙོ། །ལྷ་དཀོན་མཆོག་གསུམ་དུ་གྲགས་པ་བཞུགས་ལགས་པས། །ཁྱོད་སྙོམ་ལས་མ་བྱེད་དེ་རིང་སྐྱབས་སུ་སོང་། །ལན་གཅིག་ཙམ་མིན་པར་ཡང་ཡང་སྐྱབས་སུ་སོང་། །མགོན་སངས་རྒྱས་བྱ་བ་དོན་གཉིས་མཐར་ཕྱིན་ཡིན། །དེས་བསྟན་པའི་ཆོས་མཆོག་དེ་རུ་ཕྱིན་བྱེད་ཡིན། །དེ་ཚུལ་བཞིན་སྒྲུབ་པའི་དགེ་འདུན་ཕྱིན་མཁན་ཡིན། །དེ་རྣམ་གསུམ་སྟོན་པ་ལམ་དང་གྲོགས་སུ་ཟུངས། །སྐྱབས་རིན་ཆེན་གསུམ་དེས་ནམ་ཡང་མི་བསླུ་བ། །ཆོས་ཟབ་མོ་བདག་མེད་རིགས་པས་གྲུབ་པ་དང་། །བྱམས་སྙིང་རྗེའི་ལམ་གྱི་འགྲོས་ལ་བརྟགས་པས་ཤེས། །དོན་དེ་ཕྱིར་སྐྱབས་གསུམ་ཚད་མས་ཡང་ཡང་སྒྲུབས། །བློ་ཁྱོད་ཤེས་དད་པའི་ཞིང་ས་མ་བརྟན་ན། །ཚིག་གདངས་སྙན་དབྱངས་ཀྱིས་གསོལ་འདེབས་གྱེར་ན་ཡང་། །སྐྱོབ་ངེས་པའི་མཐུ་བྱིན་འབྱུང་བ་དཀའ་བས་ན། །སེམས་ཙབ་ཙུབ་མ་མང་དཀོན་མཆོག་ཡོན་ཏན་སོམས། །ཁོང་བསླུ་མེད་ཚད་མའི་སྐྱབས་གནས་བཟང་ན་ཡང་། །གསུང་ལས་འབྲས་ཟབ་མོའི་བསླབ་བྱར་མ་འབད་ན། །སྡིག་ལས་ངན་རྣམ་སྨིན་ཕྱག་གིས་མི་སེལ་བས། །ཁྱོད་ཨུ་ཚུགས་མ་ཆེ་ལས་འབྲས་ཞིབ་ཏུ་སོམས། །རྒྱུ་དགེ་བ་སྤྱད་པའི་འབྲས་བུ་མཐོ་རིས་ཏེ། །སྡིག་མི་དགེའི་ལས་ཀྱི་རྣམ་སྨིན་ངན་འགྲོར་གསུངས། །ལས་དཀར་ནག་ལས་རེ་ལའང་རྒྱུ་མཐུན་དང་། །ཡུལ་དབང་འབྲས་ཞེས་བྱའི་ཁྱད་པར་མང་དུ་གསུངས། །གསུང་དེ་ཡི་བསྟན་དོན་བསླུ་མེད་ཡིན་པའི་ཚུལ། །གསུང་དེ་འདྲ་དཔྱད་གསུམ་དག་པས་ཤེས་སོ་ཞེས། །ཁོང་རིགས་པའི་དབང་ཕྱུག་རྣམས་ཀྱིས་གསུངས་པ་ལ། །ཁྱོད་རྨོངས་པ་མ་ཆེ་ཤེས་རབ་སྒྲོན་མེ་སྦོར། །དོན་ལས་འབྲས་འདི་ལས་ཟབ་པ་མེད་དོ་ཞེས། །ཁོང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡང་ཡང་གསུངས། །ཆོས་འདི་ལས་བརྩམས་ཏེ་ཉམས་སུ་མ་བླང་ན། །ཁྱོད་རྡོག་སྣེར་མུན་པས་ཁེབས་འདྲ་འོང་བས་སོམས། །སྟེང་ལྷ་ཡི་རིན་ཆེན་ཁང་བཟང་རེ་རེ་ན། །ཆེས་མཛེས་ཤིང་བཀྲ་བའི་ལྷ་ཕྲུག་གཞོན་ནུའི་ཚོགས། །ཉམས་བརྩེ་དགས་གཡེང་བའི་བདེ་སྐྱིད་དེ་འདྲ་ཡང་། །ཆོས་དགེ་བའི་པིར་གྱིས་བྲིས་པའི་རི་མོར་འདུག། །གནས་ངན་སོང་གསུམ་ན་འགྲོ་བ་རེ་རེར་ཡང་། །སྡུག་མི་བཟོད་སྣ་དགུའི་ཁུར་བོ་འགེལ་མཁན་དེ། །རྒྱུ་མི་དགེའི་ལས་ངན་མ་གཏོགས་གཞན་མེད་པས། །ད་སྤང་བླང་མ་ནོར་དགེ་སྡིག་རྩིས་ལ་ཐོབས། །ཆོས་དེ་འདྲ་མངོན་པར་མཐོ་བའི་ཆོས་ལགས་ཏེ། །དེ་ཙམ་གྱིས་མི་ཆོག་ད་དུང་ཡོད་ལགས་པས། །ཁྱོད་སྙོམས་ལས་མ་བྱེད་རིག་པ་ཧུར་བྱུང་ལ། །དོན་མྱ་ངན་འདས་པའི་ལས་ལ་ལེགས་པར་སོམས། ། ༈ གནས་འཛམ་གླིང་ཐ་གྲུ་ཡངས་བའི་བྱང་ཕྱོགས་ན། །བོད་བསིལ་ལྡན་ཆུ་བོ་དུ་མ་འབབ་པ་ན། །ལྷ་སྤྱན་རས་གཟིགས་ཀྱིས་སྐྱོང་བའི་ཡུལ་འདི་ན། །རྟེན་མཐོ་རིས་མི་ལུས་ཐོབ་པ་ད་ལན་ཀྱང་། །ལས་ཟག་པས་བསྐྱེད་པའི་འདུས་བྱས་འགྱུར་བག་རྒོད། །ཁོ་འཕེན་བྱེད་དགེ་ཡང་རྫོགས་བྱེད་སྣ་ཚོགས་པས། །ཉམས་སྐྱིད་སྡུག་མ་ངེས་སྐྱིད་ཀྱང་རྟག་མི་ཐུབ། །ཁྱོད་རང་གར་མ་སྡོད་གཏན་གྱི་འདུན་མ་སོམས། །ཡང་ཉེར་ལེན་ཕུང་བོ་ཉེ་བར་ལེན་ཙ་ན། །དུས་དང་པོར་མ་རིག་ཞིང་པས་ལས་ཀྱི་ཞིང་། །རྟེན་རྣམ་ཤེས་མྱུ་གུ་འཕངས་པ་སྲེད་ལེན་ཆུས། །གསོས་བཏབ་སྟེ་སྲིད་པ་མངོན་པར་འགྲུབ་ནུས་ལས། །མངལ་མི་གཙང་ཁུ་ཁྲག་འདྲེས་པའི་རྒྱར་ཐིམ་སྟེ། །གནས་ཤིན་ཏུ་དོག་པ་དྲི་ང་རུལ་བ་དེར། །ལུས་སྐྱེ་མཆེད་རྫོགས་པ་རླུང་གིས་ཕྱིར་འཕུད་དེ། །ཕྱིར་བཙའ་བའི་སྡུག་བསྔལ་བཟོད་པར་དཀའ་བ་ཡོད། །ཡང་བཙས་ནས་སྔར་བྱས་ལས་ཀྱི་གཞན་དབང་ལས། །ཁོ་མི་འདོད་ན་ཚ་ཟུག་རྔུ་དུ་མས་གཟིར། །ལུས་རྒ་བའི་ནད་ཀྱིས་ཉི་མ་རེ་བཞིན་འཇོམས། །མི་ཚེ་ཐུང་འདི་ལ་བདེ་སྐྱིད་ཅང་མ་མཐོང་། །རྫས་འབྱོར་ན་བསྲུང་བའི་སྡུག་གིས་སྲོག་ཀྱང་འདོར། །ཡང་དབུལ་ན་འཚོལ་བའི་སྡུག་གིས་ཤ་ཁྲག་སྐེམ། །ད་ཇི་ལྟར་བྱས་ཀྱང་མི་འདོད་སྡུག་གི་གཞི། །སེམས་ཟག་པས་བསྐྱེད་པའི་ཕུང་པོ་སྤང་རེ་རན། །དུས་ཐ་མ་ལུས་སེམས་བྲལ་ཏེ་འཆི་བ་ན། །ཚེ་ཡིད་ཙམ་པ་ལ་རྒྱུ་ནོར་གཉེན་བཤེས་ཞེས། །སེམས་སྲེད་པས་འཆིང་ཐག་ལས་ཀྱིས་གཅོད་པའི་ཚེ། །ཁོ་ཤ་ཁྲག་ལུས་ཀྱང་མི་དབང་སྡུག་རེ་ཆེ། །སེམས་དྲི་ཟ་བར་མ་དོ་རུ་འཁྱམས་པ་ན། །རྒྱུ་མི་དགེའི་ལས་ཀྱིས་བསྐྱེད་པའི་འཇིགས་སྐྲག་ཆེ། །ཁོང་ཕར་ཆེར་འགྲོ་ས་ངན་སོང་གསུམ་ལགས་པས། །སྡུག་ཅི་འདུག་གསུང་རབ་ཟབ་མོ་མདོ་སྡེར་དྲིས། །དོན་དེ་འདྲའི་རྟེན་འབྲེལ་འཁོར་ལོ་དབང་མེད་དུ། །དུས་ཐོག་མ་མེད་ནས་དེང་སང་བར་དུ་ཡང་། །དགྲ་ཉོན་མོངས་འདི་ཡིས་བསྐོར་བསྐོར་བསྐོར་ལགས་པས། །ཁྱོད་ཉོན་མོངས་གདོན་ལ་དགྲ་ཡི་འདུ་ཤེས་ཞོག། །སེམས་ཉོན་མོངས་ཚོན་གྱིས་ནག་པོར་ཁ་བསྒྱུར་ཚེ། །ལས་མི་དགེའི་རྐྱལ་བ་དབང་མེད་རྡོལ་བ་ཡིན། །ཡང་ཡང་དག་ལྟ་བུའི་དཀར་རྩི་ཕོག་པ་ན། །ལས་དཀར་བོས་ལན་རེ་བདེ་འགྲོར་འཕེན་མོད་དེ། །ཁོང་ལྷ་དང་ལྷ་མིན་ཡང་ནི་སྐྱིད་དོ་ལོ། །སེམས་འདོད་པས་བཅིངས་པའི་བག་མེད་ནད་དེ་ལ། །ཡང་ནམ་ཞིག་འཁོར་བའི་ཟུག་རྔུ་ཆེར་ལྡང་ཞིང་། །དེ་མིན་ཀྱང་སྡུག་བསྔལ་མངོན་གྱུར་དུ་མ་ཡོད། །གནས་བསམ་གཏན་བདེ་བའི་ཁང་བཟང་དམ་པ་ན། །སེམས་སྙོམས་འཇུག་རོ་ལ་ཞེན་པའི་ལྷ་བུའི་ཚོགས། །ཁྱེད་ཕྱིར་བལྟས་འདོད་ལ་མི་དགྱེས་ཆེས་ལེགས་ཀྱང་། །ཡང་སྲིད་པའི་ཟག་པས་དཀྲིས་འདིས་ཅི་རུ་འགྱུར། །ཕྱི་འདོད་ཡོན་སྤངས་པ་མ་ཟད་གཟུགས་སྣང་ཡང་། །ཁོང་མི་བཞེད་ཏིང་འཛིན་ཞི་ལ་ཆེས་དགྱེས་པའི། །ལྷ་གཟུགས་མེད་དྲང་སྲོང་ཁྱེད་ཀྱང་མར་འབྱོན་ན། །ད་སྲིད་རྩེའི་བར་ལ་ཡིད་བརྟན་ཅི་ཞིག་ཡོད། །གནས་འཁོར་བ་འདི་ན་གནས་སྐབས་ཇི་ལྟར་ཡང། །སེམས་ཉོན་མོངས་དབང་གྱུར་ལས་ཀྱི་སྒྱུ་མ་ལ། །ད་བདེའོ་སྐད་པ་བསླུ་བ་ཡིན་ངེས་པས། །ཆོས་ཐར་བའི་ཕན་ཡོན་ཡང་དང་ཡང་དུ་སོམས། །སེམས་ཟག་པ་བྲལ་བའི་ཞི་བའི་དབྱིངས་དེ་ལ། །ཁོང་དགྲ་བཅོམ་བྱེ་བ་ཞེན་པ་མེད་པར་དགྱེས། །སྡུག་འཁོར་བའི་སྣང་ཚུལ་རྣམ་གྲངས་ཅི་ཙམ་པ། །དེ་བྲལ་བའི་ཕན་ཡོན་གྲངས་ཀྱང་དེ་ཙམ་གདའ། །དགྲ་ཉོན་མོངས་གཏན་དུ་ཟད་པ་དེ་དག་ལ། །ཁོང་ཟག་མེད་བདེ་ཞེས་འཕགས་ཚོགས་གཏམ་དུ་གླེང། །དེ་གྱ་ནོམ་ཀུན་གྱི་རབ་དང་ཕུལ་ལགས་ན། །ཁྱོད་ཉོན་མོངས་སྤོང་བའི་ཞི་བའི་ལམ་བཟང་བསྟེན། །སེམས་ཉོན་མོངས་ཟག་པ་མངོན་གྱུར་སུན་འབྱིན་ཞིང། །ཡང་བག་ལ་ཉལ་གྱི་དྲི་མ་བཀྲུ་བའི་ཆུ། །ལམ་ལྷག་པའི་བསླབ་པ་གསུམ་པོ་ཡིན་ནོ་ཞེས། །ཁོང་བདེན་གསུང་མངའ་བ་རྒྱལ་བ་དེ་སྐད་གསུངས། །དུས་དང་པོ་བསླབ་པར་བྱ་བའི་གནས་བཟང་པོ། །རྟེན་ཚུལ་ཁྲིམས་ས་གཞི་གཙང་མ་གལ་ཆེ་བས། །ཁྱོད་ཉོན་མོངས་དགྲ་དང་གཉེན་པོ་གཡུལ་འཐོབ་ལ། །རྒྱུད་ཉེས་པས་མ་གོས་པ་ཞིག་ཅེས་ཀྱང་དགོས། །ཁོང་སྐྱེ་བོ་ངན་པ་འཚོགས་པའི་ཚོང་འདུས་ན། །ལས་མི་དགེའི་ཚོང་ཟོང་གཅིག་ལ་གཅིག་འགྱེད་པའི། །གྲོགས་འདུ་འཛིས་ལྷ་ཆོས་འཕྲལ་འཕྲལ་བཤོལ་ལགས་པས། །ཁྱོད་འདུ་འཛི་མ་བྱེད་དབེན་པའི་རི་ལ་སོང། །ཡང་ནགས་ཚལ་མངོན་དགའ་འཁྲི་ཤིང་གཞོན་ནུ་རྣམས། །རླུང་བསིལ་བས་བསྐྱོད་པའི་ལྕང་ལོ་ལྡེམ་པའི་རྩེར། །ཁོང་འཇོལ་མོའི་གྲེ་འགྱུར་སྙན་པའི་གླིང་བུ་བཞིན། །གནས་དེ་འདྲ་ལྷ་ཡུལ་ལས་ཀྱང་ལྷག་ལགས་ཏེ། །ཉམས་དགའ་ཞིང་སྤྲོ་ལ་སོས་དལ་གུ་རེ་ཡངས། །ཡང་ཆགས་པས་འཆིང་བའི་འདོད་པའི་ཡོན་ཏན་མེད། །སེམས་ཞི་བའི་ལམ་ལ་འཇུག་པའི་རྗེས་སུ་མཐུན། །དོན་དེ་འདྲ་བསམ་ནས་དབེན་པའི་རི་ལ་སོང། །རྫ་ལྷུན་སྟུག་མཐོ་ལ་བརྗིད་པའི་རི་སུལ་ན། །གནས་བྲག་དམར་བརྩེགས་པའི་རང་བྱུང་ཁང་བཟང་ན། །ཆུ་ལྷུང་ལྷུང་འབབ་པའི་སྒྲ་སྙན་གྱིས་འབོད་པས། །ད་ཡུན་རིང་མ་ཐོགས་དབེན་པའི་རི་ལ་སོང། །དགུང་སྔོ་བསང་དྭངས་པའི་མཁའ་ལ་བསྙེགས་པ་ཡི། །རྩེ་རབ་རྣོ་ཤེལ་དཀར་གངས་རིའི་བཞིན་རས་དེ། །སྟེང་ཁྲི་གདུགས་ཉི་མའི་འོད་ཀྱིས་ཡོངས་བརྒྱན་ནས། །ཁྱོད་འབོད་པ་འདྲ་ཡི་དབེན་པའི་རི་ལ་སོང། །གནས་དེ་འདྲ་རྣམས་ན་དེ་འདྲའི་ཡོན་ཏན་ལ། །ཁོང་དྲང་སྲོང་ཚོགས་རྣམས་དགྱེས་ཤིང་བཞུགས་ལགས་པས། །ཁྱོད་འདོད་པས་མ་ཡེངས་དབེན་པའི་རི་ངོགས་ནས། །སེམས་བསམ་གཏན་ཟབ་མོ་སྙིང་གི་ཟེའུ་འབྲུར་ཆོངས། །  

ཡང་རང་ཉིད་ཁོ་ན་བསམ་པའི་ཆོས་དེས་ཀྱང། །འབྲས་རང་དོན་ཙམ་ཡང་ཕ་མཐར་འཁྱོལ་དཀའ་བས། །རྟེན་དལ་འབྱོར་མེ་ཏོག་བཟང་པོ་སྨིན་དུས་འདིར། །ཆོས་ཐེག་པ་ཆེན་པོའི་སྦྲང་རྩི་བཏུང་རེ་འཚལ། །ལམ་ཟབ་ཅིང་རྒྱས་པ་བྱང་ཆུབ་སེམས་གཉིས་ཆེ། །ཁོང་སྲས་བཅས་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །ལམ་དེ་འདྲ་མིན་པའི་བླུན་པོའི་མགོ་སྐོར་ལ། །ཁྱོད་མ་ཡེངས་བྱང་ཆུབ་སེམས་ལ་གཅིག་དྲིལ་གྱིས། །ཁོང་མཁའ་ཁྱབ་སེམས་ཅན་ཕ་མ་དྲིན་ཅན་དུ། །ལུང་རིགས་པས་གྲུབ་ཀྱང་ཁོ་བོའི་སྣང་ཚུལ་ལ། །དོན་འབྲེལ་མེད་འགྲོ་བ་ཤ་སྟག་ཡིན་སྙམ་ནས། །ཚེ་འདི་ཡི་དགྲ་གཉེན་བར་མར་འཛིན་པ་འཁྲུལ། །བློ་འཁྲུལ་བ་དེ་འདྲས་ད་བར་བསླུས་བསླུས་ནས། །རང་གཅེས་པར་བཟུང་ནས་རང་དོན་བསྒྲུབས་བསྒྲུབས་ཀྱང། །སྡུག་རང་སྟེང་འཁྲིད་པ་འདྲ་ལས་གཞན་མེད་པས། །བདག་གཅེས་འཛིན་བློ་ལ་ཉེས་དམིགས་ཅི་འདུག་སོམས། །ད་ཕ་མ་སེམས་ཅན་མི་འདདོ ་སྡུག་བསྔལ་བརྒྱས། །རང་ཇི་ལྟ་བ་བཞིན་རིང་མོ་ནས་མནར་ན། །ཆོས་ཐེག་པ་ཆེ་དང་འཕྲད་པའི་སྐལ་ལྡན་ཁྱོད། །ད་གཞན་དོན་མི་བསམ་རང་བདེ་ཇི་ལྟར་སེམས། །མ་ལན་རེ་བྱས་པའི་ཚེ་ཡང་ལྟོ་གོས་སོགས། །ཆེས་ཕངས་པའི་དངོས་དགུས་བསྐྱངས་པ་མ་ཟད་དེ། །བུ་སྐྱོབས་པར་མཐོང་ན་སྲོག་ཀྱང་གཏོང་ནུས་པའི། །དྲིན་འཁོར་མེད་དེ་འདྲ་བློ་ཡིས་འདོར་ཕོད་དམ། །ཁོང་དོན་གཉིས་རྫོགས་པའི་སངས་རྒྱས་སྐད་པོ་ཆེ། །ཞིང་འདི་ལ་མ་བརྟེན་འཐོབ་པ་མི་སྲིད་ན། །དམན་ཉམ་ཐག་འགྲོ་དོན་མི་གཉེར་ཀ་མེད་པས། །ཁྱོད་སྡུག་ཡུས་མ་ཆེ་སེམས་ཅན་དོན་ལ་སོམས། །མ་དྲིན་ཅན་དེ་རྣམས་སྡུག་གིས་དབང་མེད་དུ། །དུས་ལན་གཅིག་མིན་པར་ཡང་ཡང་མནར་བ་ལ། །ཁྱོད་བཟོད་བསྲན་མ་ཆེ་སྡུག་བསྔལ་སྣ་རེ་བཞིན། །ཡང་བྲལ་ན་སྙམ་པའི་སྙིང་རྗེའི་བློ་འདི་སྦྱོངས། །བློ་དེ་འདྲ་རྒྱལ་བ་ཀུན་གྱི་རང་བཞིན་ཏེ། །ཁོང་རྒྱལ་སྲས་བྱེ་བའི་ཐུགས་དམ་མཐིལ་ལགས་ན། །ཆོས་ཟབ་མོ་སྐད་ཀྱི་སྟོང་སྒྲས་མ་འཁྲུལ་བར། །ཐབས་མ་ནོར་སྙིང་རྗེ་ཆེན་པོས་གཞི་འདིང་མཛོད། །རྟེན་རྫོགས་བྱང་འདོད་པའི་སེམས་བསྐྱེད་ལ་བརྟེན་ཏེ། །ལམ་ཕྱིན་དྲུག་སྤྱོད་པའི་འཇུག་ངོགས་ཟླ་མེད་དེར། །དུས་ཉིན་རེ་བཞིན་ཡང་འཇུག་པའི་སེམས་བསྐྱེད་ལ། །སེམས་ཐེག་པ་ཆེ་ལ་སྙིང་ནས་ཅི་འགྲོ་གྱིས། །དོན་དེ་ལྟར་སྤྱད་པའི་ཐབས་ཀྱི་ལག་རྗེས་ལས། །འབྲས་གཞན་དོན་རྫོགས་པའི་གཟུགས་ཀྱི་སྐུ་འབྱུང་ན། །ལས་གཞན་ཕན་མཛད་པའི་སྐུ་གཉིས་མི་མངའ་བའི། །ལྷ་སངས་རྒྱས་འདུག་གེ་བཞད་གད་མ་སློངས་ཤིག། །ཡང་བདག་འཛིན་སྤྲོས་པའི་ནད་འདི་མ་བྱང་ན། །སྡུག་མི་འདོད་སྐྱེ་བའི་ཟུག་རྔུ་མི་ཆོད་པས། །ཆེས་ཟབ་ཅིང་ཕྲ་བའི་གནས་ལུགས་སྟོང་བའི་བཞིན། །འདི་ཡང་དག་རིགས་པས་ཡང་ཡང་བྱི་དོར་གྱིས། །ཁོང་རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མཛོད། །མགོན་ཀླུ་སྒྲུབ་ཟླ་བའི་རིགས་པའི་ལྡེ་མིག་གིས། །རྗེ་འཇམ་མགོན་བླ་མས་ཕྱེས་པའི་ཕ་ནོར་ལ། །ཆེས་ངོ་མཚར་ཡོད་འདུག་བློ་གྲོས་མ་རྨོངས་ཤིག། །ཡང་མི་འདོད་སྡུག་དང་འཕྲད་པར་དོགས་པའི་ང། །ཡང་སྐྱིད་དུ་ཚོར་ན་སྙམ་དུ་ཞེན་པའི་ང། །གཞི་ལུས་སེམས་ཚོགས་པའི་ཐོ་ཡོར་འདིའི་སྟེང་ན། །མི་ང་ནི་ཇི་ལྟར་ཡོད་འདུག་ཞིབ་ཏུ་སོམས། །ཁོ་ཤེས་རིག་ཝ་ལེ་ཁྱུག་གེ་ཡོད་དོ་སྐད། །སེམས་སེམས་བྱུང་སོ་སོར་ཕྱེས་ཏེ་ཉུལ་ན་ཡང། །གཅིག་ཐ་དད་གང་ཡང་རྙེད་རྒྱུར་མི་འདུག་པས། །ཡུལ་རྣམ་པར་རྟོག་བཞིན་རྟོག་མཁན་གང་དུ་སོང། །ཡང་ཡན་ལག་ཚོགས་པའི་ཐག་ཁྲའི་ངོས་ཤིག་ན། །ལུས་མི་སྡུག་སྦྲུལ་གྱི་འཇིགས་སྐྲག་ཡོད་སྐད་དེ། །ད་ཇི་ལྟར་ཡོད་འདུག་ཤེས་རབ་ཀྱིས་བརྟགས་ན། །ཁྱོད་འཁྲུལ་བ་ཡིན་ཏེ་རྨོངས་པའི་སྨག་གིས་བསླུས། །ཆབ་དྭངས་བའི་མཚོ་ལ་འོད་སྟོང་ཟླ་བའི་གཟུགས། །ཁོ་ལམ་ལམ་འཆར་བའི་སྣང་ཚུལ་འདིས་བྲིད་དེ། །ཀླུང་ཟབ་མོ་བརྒལ་ཏེ་རྙེད་པར་རེ་ན་ཡང། །དེ་རྙེད་རྒྱུར་མི་འདུག་སྣང་བ་ཙམ་དུ་ཟད། །ཡང་རིགས་སྔགས་མཁན་པོའི་ཉེ་འཁོར་ཚོང་འདུས་ན། །རྟ་རིན་ཆེན་རྒྱན་རང་རྒྱུད་སྐུལ་འདེབས། 11ལྡན་འགྲོས་ལྡན་ཡོད་དོ་སྐད། །ཁོ་བཞོན་པར་འདོད་དེ་རྐང་བས་རེག་ན་ཡང། །གཞི་རྡེའུ་ཤིང་ཚོགས་པ་ས་ལ་འཐོར་ནས་འདུག། །དཔྱིད་ཚད་པས་གདུང་བའི་མྱ་ངམ་ཐང་ཤེད་ན། །ཆུ་བསིལ་ལྡན་ཀླུང་མང་ཡེར་ཡེར་འབབ་བོ་སྐད། །ཁོང་རི་དྭགས་ཚོགས་རྣམས་སྐོམ་པས་རྒྱུགས་ན་ཡང། །ཆབ་བཏུང་དུ་མེད་དེ་བསླུ་བ་དེ་རྣམས་བཞིན། །ཁྱོད་གཅེས་པར་བཟུང་བའི་ངའོ་སྐད་པ་དེ། །མིང་ཐ་སྙད་རྐྱང་བས་ཇི་ལྟར་གདགས་སུ་ཆུགས། །དོན་གདགས་གཞིའི་ངོས་ན་ཅི་ཡང་མི་འདུག་པས། །ང་རྫུན་པོ་ཆེ་དེ་སྟོང་བའི་ངང་ལ་ཞོག། །དོན་དེ་བཞིན་སྣང་གྲགས་ཤེས་བྱའི་ཆོས་སོ་ཅོག། །ཡང་བདེན་པར་གྲུབ་པ་གཅིག་ཀྱང་མི་འདུག་པས། །ཁྱོད་བདག་དུ་མ་འཛིན་འཛིན་མེད་སྟོང་པའི་ངང། །བློ་ལྷན་ནེར་ཞོགས་དང་གནས་ལུགས་མཐོང་བར་གདའ། །དོན་ངོ་བོ་ཉིད་ཀྱིས་ཅིར་ཡང་མེད་ན་ཡང། །ཚིག་ཐ་སྙད་རི་མོ་རྟོག་པས་བྲིས་པ་ལྟར། །ཁོ་མི་བདེན་བཞིན་ཡང་རྒྱུ་འབྲས་མི་བསླུ་བས། །རྒྱུ་དགེ་སྡིག་སྤང་བླང་མ་ནོར་བྱེད་རེ་དགོས། །ཆོས་ལྟ་བ་ཟབ་ལ་སྤྱོད་པ་རྒྱ་ཆེ་བའི། །ཁོང་རྣམ་ཐར་གཙང་མ་བཀའ་གདམས་སྔ་ཕྱིའི་ལུགས། །དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཡང་སྙིང་གི་ཟེའུ་འབྲུར་འབྲལ་བ་མེད་པར་ཤོག། །ཕྱི་སོ་ཐར་ཀུན་སྤྱོད་འདུལ་བ་བཞིན་དུ་དག། །ནང་བྱང་སེམས་བསླབ་པ་མདོ་སྡེ་བཞིན་དུ་རྒྱས། །དོན་ཤེས་རབ་ཟབ་མོ་མངོན་པའི་ལུགས་བཞིན་མཛད། །ཆོས་སྡེ་སྣོད་གསུམ་གྱི་བསྟན་པ་ཚུགས་པར་ཤོག། །ལར་འདི་ནས་འཕོས་པའི་སྐད་ཅིག་དེ་ཉིད་ལ། །ལྷ་མི་ཕམ་མགོན་པོའི་བཟང་པོའི་བཞུགས་སྟངས་ཀྱིས། །གསུང་ཚངས་པའི་གདངས་ཀྱིས་ཐེག་མཆོག་ཆོས་སྟོན་པའི། །གནས་དགའ་ལྡན་ཞིང་དུ་བརྫུས་ཏེ་སྐྱེ་བར་ཤོག །མགོན་འཇམ་དཔལ་སྙིང་དང་ནམ་མཁའ་དྲི་མ་མེད། །ཁོང་རྒྱལ་སྲས་ཚོགས་རྣམས་རྒྱལ་བའི་ཡུམ་ཆེན་དོན། །དོན་ཇི་ལྟ་བ་བཞིན་བགྲོ་བའི་ཆོས་གྲྭ་དེར། །སེམས་ཐེག་ཆེན་ཆོས་ཀྱིས་རབ་དུ་སྨིན་པར་ཤོག། །དོན་དེ་ལྟར་སྨོན་པ་འགྲུབ་པའི་དཔང་པོ་རུ། །ལྷ་དཀོན་མཆོག་གསུམ་དང་རྒྱལ་སྲས་ཀུན་ཏུ་བཟང། །ཐུགས་བརྩེ་བས་གཟིགས་པས་ནམ་ཡང་མི་བསྙེལ་བར། །དོན་བདེན་པའི་བྱིན་རླབས་ད་ལྟ་མངོན་གྱུར་ཤོག། །ཅེས་བྱང་ཆུབ་ལམ་རིམ་ལས་བརྩམས་ཏེ་རང་རྒྱུད་ལ་སྐུལ་མ་འདེབས་པ་འདི་ནི། མོས་གུས་ཀྱི་དང་བ་འདྲེན་པའི་རྟེན་འབྲེལ་བཟང་པོའི་ཁྱད་ལས། འབྲོམ་ཆོས་ཀྱི་རྒྱལ་པོའི་དད་པའི་ལྗོན་ཤིང་གི་གསུང་སྒྲོས་ཀྱི་ལུགས་ལ་དཔེ་བྱས་ཏེ། དགེ་སྦྱོང་གི་གཟུགས་བརྙན་དྷརྨ་སཱ་ར་ཞེས་བྱ་བས་རང་གི་དད་པའི་ཁམས་གསོ་བའི་སླད་དུ་བསྒྲིགས་པ་འདིས་ཀྱང་ལམ་གྱི་རིམ་པའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེ་བར་གྱུར་ཅིག །

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།