སྐྱབས་འགྲོའི་སྡོམ་ཚིག་བློ་གསལ་སྙིང་གི་ནོར་བུ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 21:33:56     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

    བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཐུབ་པའི་བསྟན་ལ་འཇུག་པའི་སྒོ། །སྐྱབས་འགྲོའི་རྣམ་གཞག་སྡོམ་དུ་བསྡུ། །བློ་གསལ་ཚོགས་ཀྱིས་འདི་ཟུངས་ལ། །ནང་པའི་གྲལ་དུ་ཚུད་པར་གྱིས། །འཁོར་བའི་སྡུག་བསྔལ་རྟོགས་པའི་འཇིགས་སྐྲག་དང་། །དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ། །མཐོང་བའི་ཡིད་ཆེས་དད་པ་རིགས་ལམ་ནས། །དྲངས་བས་ཚད་མས་ངེས་པ་རྙེད་པ་ཡིས། །གང་ལ་སྐྱབས་སུ་འགྲོ་བའི་ཡུལ། །དཀོན་མཆོག་རིན་ཆེན་རྣམ་གསུམ་ཏེ། །དེ་ལ་སྐྱབས་སུ་འོས་པའི་ཚུལ། །གཏན་ཚིགས་རྣམ་པ་བཞི་ཡིས་འགྲུབ། །རང་ཉིད་འཇིགས་པ་ཀུན་ལས་གྲོལ། །གཞན་ཡང་སྒྲོལ་བའི་ཐབས་ལ་མཁས། །ཀུན་ལ་ཐུགས་རྗེ་ཉེ་རིང་མེད། །ཕན་བཏགས་མ་བཏགས་དོན་མཛད་ཕྱིར། །དེ་ལ་སྐྱབས་སུ་སོང་བའི་ཚད། །ཡོན་ཏན་ཤེས་དང་ཁྱད་པར་ཤེས། །ཁས་བླངས་གཞན་དུ་མི་སྨྲ་བའི། །དད་ཤེས་གཙོ་འཁོར་སྐྱེས་པའོ། །དང་པོ་སངས་རྒྱས་ཀྱི་ཡོན་ཏན། །སྐུ་གསུང་ཐུགས་དང་འཕྲིན་ལས་བཞི། །ཆོས་ནི་སངས་རྒྱས་དེའི་རྒྱུ་དང་། །དགེ་འདུན་ཆོས་ཀྱི་སྤྱོད་ཡུལ་ཅན། །གཉིས་པར་ཁྱད་པར་དྲུག་ཡོད་དེ། །མཚན་ཉིད་འཕྲིན་ལས་མོས་པ་དང་། །བསྒྲུབ་དང་རྗེས་སུ་དྲན་པ་དང་། །བསོད་ནམས་མཆོག་ནི་འཕེལ་བའོ། །སངས་རྒྱས་མངོན་བྱང་ཆུབ་པ་དང་། །ཆོས་ནི་དེ་ཡི་འབྲས་བུ་དང་། །དགེ་འདུན་གཞན་གྱི་མན་ངག་གིས། །ཡང་དག་བསྒྲུབ་པའི་མཚན་ཉིད་དོ། །སངས་རྒྱས་གྱིས་ལུང་འབོག་པ་དང་། །ཆོས་ཀྱིས་སྡུག་ཀུན་སྤོང་པ་དང་། །དགེ་འདུན་གྱིས་ནི་སྤྲོ་བར་བྱེད། །སངས་རྒྱས་བསྙེན་བཀུར་ལ་གུས་དང་། །དམ་ཆོས་མངོན་དུ་བྱ་ལ་གུས། །དགེ་འདུན་ཆོས་མཐུན་དངོས་པོ་ཡིས། །འགྲོགས་ལ་གུས་པས་མོས་པར་བྱ། །སངས་རྒྱས་མཆོད་དང་རིམ་གྲོ་དང་། །དམ་ཆོས་རྣལ་འབྱོར་སྦྱོར་སྒོམ་དང་། །དགེ་འདུན་ཆོས་དང་ཟང་ཟིང་ལ། །ལྷན་ཅིག་སྤྱོད་པས་བསྒྲུབ་པར་བྱ། །དཀོན་མཆོག་རྗེས་དྲན་ཁྱད་པར་ནི། །དེ་ཡི་མདོ་སྡེ་ལས་འབྱུང་བཞིན། །སོ་སོའི་ཡོན་ཏན་སོ་སོ་རུ། །ལེགས་པར་དྲན་པར་བྱེད་པའོ། །སངས་རྒྱས་གང་ཟག་གཅིག་ཉིད་དང་། །ཚོགས་མཆོག་དགེ་འདུན་དུ་མ་ཡི། །དབང་བྱས་བསོད་ནམས་མཆོག་འཕེལ་ཏེ། །ཆོས་ནི་ཆོས་ཀྱི་དབང་བྱས་སོ། །གསུམ་པ་ཇི་ལྟར་ཁས་བླངས་ཚུལ། །སངས་རྒྱས་སྐྱབས་སྟོན་ཆོས་སྐྱབས་དངོས། །དགེ་འདུན་སྐྱབས་བསྒྲུབ་ཟླ་གྲོགས་སུ། །ཚད་མའི་ངེས་པ་རྙེད་པ་ཡིན། །བཞི་བ་གཞན་དུ་མི་སྨྲ་བ། །གོང་བཞིན་ཚད་མའི་ངེས་པ་ཡིས། །སྐྱབས་གཞན་མེད་པར་རྟོགས་པ་སྟེ། །འདི་གཉིས་དགག་སྒྲུབ་སོ་སོའི་བཞག། །སྐྱབས་སུ་སོང་ནས་བསླབ་བྱ་ལ། །བསྡུ་བ་ལས་གསུངས་བཞི་ཚན་གཉིས། །མན་ངག་ལས་གསུངས་དགག་སྒྲུབ་གཉིས། །ཐུན་མོང་གི་ནི་བསླབ་བྱའོ། །དེ་ལ་བཞི་ཚན་དང་པོ་ནི། །སྐྱེས་བུ་དམ་པ་བསྟེན་པ་དང་། །དམ་ཆོས་ཉན་ཞིང་ཡིད་ལ་བྱེད། །ཆོས་ཀྱི་རྗེས་མཐུན་ཆོས་བསྒྲུབ་པའོ། །གཉིས་པ་དབང་པོ་མི་རྒོད་ཅིང་། །བསླབ་པའི་གཞི་རྣམས་ཡང་དག་ལེན། །སེམས་ཅན་ལ་ནི་སྙིང་བརྩེ་བ། །དུས་ཀུན་དཀོན་མཆོག་མཆོད་ལ་བརྩོན། །དགག་སྒྲུབ་གཉིས་ལས་དང་པོ་ནི། །འཇིག་རྟེན་ལྷ་འདྲེར་སྐྱབས་མི་འཛིན། །སེམས་ཅན་ལ་ནི་གནོད་འཚེ་སྤང་། །མུ་སྟེགས་ཅན་དང་མི་འགྲོགས་པའོ། །གཉིས་པ་སྐུ་གཟུགས་བྲིས་འབུར་གླེགས་བམ་དང་། །དགེ་སྦྱོང་རྟགས་ཙམ་འཛིན་པ་ཡན་ཆད་ལ། །མ་གུས་གཤེ་དང་ཕྱོགས་རིས་ཡོངས་སྤངས་ཏེ། །དཀོན་མཆོག་དངོས་སུ་བལྟས་ནས་ལེགས་པར་མཆོད། །ཐུན་མོང་བསླབ་བྱར་རྣམ་པ་དྲུག་ཡོད་དེ། །ཡོན་ཏན་དྲན་པས་ཡང་ཡང་སྐྱབས་འགྲོ་ཞིང་། །བཀའ་དྲིན་དྲན་པས་མཆོད་པ་རྣམ་བཅུའི་མཆོད། །སྙིང་རྗེ་དྲན་པས་གཞན་དག་སྐྱབས་འགྲོར་འགོད། །ཕན་ཡོན་དྲན་པས་དུས་དྲུག་སྐྱབས་འགྲོ་བྱ། །བྱ་བ་གང་བྱེད་དགོས་པ་ཅི་ཡོད་ལ། །འཇིག་རྟེན་ཐབས་སྤང་དཀོན་མཆོག་མཆོད་དེ་བྱ། །སྲོག་དང་བཞད་གད་ཕྱིར་ཡང་སྐྱབས་མི་བཏང་། །དེ་ལྟར་སྐྱབས་སོང་ཕན་ཡོན་ནི། །ནང་བའི་གྲལ་དུ་ཚུད་པ་དང་། །སྡོམ་པ་ཀུན་གྱི་རྟེན་དུ་གྱུར། །ལས་ཀྱི་སྒྲིབ་པ་བསྲབ་ཅིང་འཛད། །བསོད་ནམས་རྒྱ་ཆེན་གསོག་པ་དང་། །ངན་འགྲོའི་གནས་སུ་མི་ལྟུང་ཞིང་། །མི་དང་མི་མིན་གྱིས་མི་ཚུགས། །བསམ་པ་ཐམས་ཅད་འགྲུབ་པ་དང་། །མྱུར་དུ་སངས་རྒྱས་ཐོབ་པའོ། །གཏོང་རྒྱུ་སྲོག་ཕྱིར་མི་གཏོང་དང་འགལ་དང་། །འཇིག་རྟེན་ལྷ་འདྲེ་སོགས་བསྟེན་གཉིས་འཛིན་བྱེད། །སྐྱབས་ལ་བློ་གཏད་མ་ཁེལ་དག་ཡིན་ཞིང་། །གཞན་དག་བསླབ་བྱ་དང་འགལ་ཉེས་པར་གསུངས། །འདི་ཙམ་ཤེས་དང་ལག་ལེན་དུ། །འདེབས་པའི་ཉམས་བཞེས་མི་འདུག་པར། །ཆོས་གོས་ཚོས་སྣུམ་གང་ལེགས་ཀྱིས། །སྟོན་པའི་རྗེས་འཇུག་ཇི་ལྟར་འོང་། །དེ་ལྟར་ཚིག་ཉུང་རྒྱས་ 1འདྲིལ་དུ། །བསྡུས་པའི་དགེ་བའི་རང་གཞན་ཀུན། །བསྟན་པའི་འཇུག་སྒོ་འདིར་ཞུགས་ནས། །མངོན་མཐོ་ངེས་ལེགས་ཐོབ་པར་ཤོག། །ཅེས་པ་འདི་ཡང་རང་གཞན་ལ་ཕན་དུ་རེ་བས་དྷརྨ་སཱ་ར་ཞེས་བྱ་བས་རྣམ་རྒྱལ་དགེ་ལྡན་གྱི་ཆོས་གྲྭར་བསྒྲིགས་པ་དགེ་ལེགས་འཕེལ། །༈ རྩོད་པའི་དུས་འདིར་བདག་ཅག་ལ། །ལམ་བཟང་སྟོན་པའི་སྟོན་པ་མཆོག། །ཤཱཀྱ་སེངྒེ་ཁྱེད་ཀྱི་ཞབས། །ཚེ་རབས་ཀུན་ཏུ་སྤྱི་བོར་འཛིན།། །།དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།