​གྲུབ་ཆེན་དཔལ་རྒ་ལོ་བ་ལ་བསྟོད་ཅིང་གསོལ་བ་འདེབས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 21:26:38     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

      འཇམ་དཔལ་གཞོན་ནུ་ཞི་ཁྲོ་དུས་འཁོར་གྱི། །རིམ་གཉིས་ལམ་གྱི་མཆོག་ཐུན་གྲུབ་པའི་དཔལ། །ཡོངས་བརྙེས་ཟུང་འཇུག་ནོར་བུའི་ཟ་མ་ཏོག། །གྲུབ་ཆེན་རྒ་ལོའི་སྐུ་ལ་ཕྱག་འཚལ་ལོ། །འཕགས་པའི་ཡུལ་ནས་རྒྱུད་སྡེ་མང་བསྒྱུར་ཞིང་། །བདེན་ཚིག་ཙམ་གྱིས་སྨྱོ་འབོག་ལ་སོགས་ཞི། །འགྲོ་དོན་ཆེན་པོའི་སྨོན་ལམ་འཛད་མེད་པའི། །གྲུབ་ཆེན་རྒ་ལོའི་གསུང་ལ་ཕྱག་འཚལ་ལོ། །བདག་གཞན་བརྗེ་བའི་སེམས་བསྐྱེད་ཤུགས་དྲག་དང་། །དམིགས་པ་མེད་པའི་རིམ་གཉིས་ཏིང་འཛིན་གྱིས། །ཐུགས་རྟེན་མཆོད་སྡོང་བསམ་མི་ཁྱབ་བསྐྲུན་པའི། །གྲུབ་ཆེན་རྒ་ལོའི་ཐུགས་ལ་ཕྱག་འཚལ་ལོ། །བྲམ་ཟེས་དུག་སེལ་མཆོད་སྡོང་བསྒྲུབ་པ་བཞིན། །བླ་མ་ཁྱོད་གྱི་གདུང་རྟེན་རིན་པོ་ཆེ། །མཐོང་ཐོས་དྲན་རེག་གྲོལ་བའི་བྱིན་རླབས་ཅན། །འདི་ཉིད་ཁོ་ནའི་བཀའ་དྲིན་བསམ་མི་ཁྱབ། །ད་དུང་འབྲེལ་ཚད་དོན་ལྡན་མཆོད་པའི་རྟེན། །འགྲོ་བའི་བསོད་ནམས་ཞིང་དུ་ཉེར་བཞུགས་ནས། །ཕྱག་མཆོད་མོས་གུས་བགྱིད་པ་མཐའ་དག་གི །ཚེ་འདིའི་ནད་གདོན་རྐྱེན་ངན་ཞི་བ་དང་། །ཕྱི་མ་དཔའ་བོ་མཁའ་འགྲོས་ཡོངས་བསུས་ཏེ། །མཁའ་སྤྱོད་དག་པའི་ཞིང་དུ་རིག་འཛིན་གྲལ། །ཐོབ་ནས་གསང་ཆེན་ཆོས་ཀྱི་དགའ་སྟོན་གྱིས། །གྲུབ་པ་གཉིས་རྫོགས་དོན་གཉིས་མཐར་ཕྱིན་ ཤོག། །ཅེས་གྲུབ་པ་ཆེན་པོ་དཔལ་རྒ་ལོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་འདི་ནི་མགོ་ལོག་དཔལ་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་ཞེས་བྱ་བའི་གཙུག་ལག་ཁང་དུ་འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་བའི་རིང་ལུགས་འཛིན་པའི་དགེ་སློང་རིག་པ་འཛིན་པའི་མིང་ཙམ་འཆང་བ༧བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས་གུས་པའི་གསོལ་བ་འདེབས་པ་དགེའོ།། །།

 བསིལ་བའི་ཚལ་དུ་འཇིགས་མེད་ཏིང་འཛིན་བརྙེས། །བོད་ཡུལ་ཁམས་སུ་འགྲོ་དོན་རྒྱ་ཆེན་མཛད། །བསད་གསོས་གྲུབ་སོགས་རྫུ་འཕྲུལ་མཐའ་ཡས་པའི། །གྲུབ་མཆོག་གཞོན་ནུ་དཔལ་ལ་གསོལ་བ་འདེབས། །རྒྱལ་བསྟན་སྙིང་པོ་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་འཁྲུལ་བྲལ་མདོ་སྔགས་ཟུང་འབྲེལ་བསྟན། །བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་པ་ལ། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ལྷུན་གྲུབ་ཤོག། །

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།