​འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་ཞབས་ལ་བསྟོད་པ་དད་པའི་མེ་ཏོག་བསྐྲུན་པའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 21:19:37     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཇ༵མ་དབྱངས་མཁྱེན་པའི་ཆོས་ཀྱི་རྒྱལ་སྲིད་ཆེར། །དཔ༵ལ་ལྡན་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །ཐུབ་བསྟན་རིན་ཆེན་རྒྱན་དུ་ཡོངས་རོ༵ལ་བ༵འི། །ཀུན་མཁྱེན་བླ་མ་བློ་༵གྲོས༵་གཏེར་ཆེན་ཁྱོད། ༼༡༽ །བགྲངས་ཡས་བསྐལ་བའི་སྔོན་ནས་བྱང་ཆུབ་ཀྱང་། །རྒྱལ་སྲས་ཚུལ་གྱིས་རྒྱལ་བའི་མཛད་པ་ཀུན། །ལེགས་པར་མཛད་པའི་སྨོན་ལམ་སྟོབས་མངའ་བར། །འཇམ་པའི་རྡོ་རྗེ་མཆོག་དང་གཉིས་སུ་མེད། ༼༢༽ །དེ་ཕྱིར་ཐུགས་རྗེའི་ཆབ་ཀྱིས་བསྐྱེད་པ་ཡི། །ཡེ་ཤེས་སྒྱུ་མའི་རོལ་རྩེད་གཞལ་དཀའ་བའི། །སྤྲུལ་བའི་མེ་ཏོག་འདི་ལ་ཐུབ་རྣམས་ཀྱང་། །ངོ་མཚར་གྱུར་ན་བདག་གཙུག་ཅིས་མི་མཛེས། ༼༣༽ །སྐུ་ནི་དཀའ་ཐུབ་ཅན་གྱི་དྲང་སྲོང་བཞིན། །ལོག་འཚོ་སྤངས་པའི་ཚངས་སྤྱོད་བརྟུལ་ཞུགས་མཆོག ། ངོམས་སླད་རྐེམ་པའི་ཟོལ་གྱིས་སྐལ་ལྡན་ལ། །ཡིད་འོང་མིག་གི་བདུད་རྩི་བསྒྲུབ་པ་བཞིན། ༼༤༽ །གསུང་ནི་ལྔ་རིག་ཤེས་བྱའི་རྒྱ་མཚོ་ཆེའི། །ཟབ་ཡངས་རླབས་ཀྱིས་ལོག་རྟོག་དྲི་བཀྲུས་ནས། །གདམས་དོན་ཉམས་ལེན་ཧུབ་གཅིག་ལ་འདྲིལ་ བས། །བཀའ་གདམས་དམ་པའི་རྣམ་ཐར་ངོམ་པ་བཞིན། ༼༥༽ །ཐུགས་ནི་ནམ་མཁའ་གྱ་གྱུའི་འགྲོས་འཛིན་པའི། །ཀུན་རྟོག་སྤྲིན་དང་བྲལ་བའི་འོད་གསལ་ངོས། །བྱམས་བརྩེའི་ཉི་ཟླའི་འོད་ཀྱིས་གཡོགས་པ་ནི། །མཁའ་ཁྱབ་རྒྱལ་བའི་གསང་བར་མི་གཉིས་བཞིན། ༼༦༽ །དེ་སླད་ཐུགས་ནི་མངོན་རྫོགས་སངས་རྒྱས་ཏེ། །གསུང་ནི་ཐོས་དཀའ་དམ་ཆོས་རིན་ཆེན་མཛོད། །སྐུ་མཆོག་མཐོང་གྲོལ་དགེ་འདུན་ཉིད་ལགས་པས། །སྐྱབས་གསུམ་ཁྱོད་ཉིད་གཅིག་པུས་བསྒྲུབ་པ་བཞིན། ༼༧༽ །བྱིན་རླབས་མཛོད་འཛིན་དངོས་བརྒྱུད་བླ་མའི་གར། །དངོས་གྲུབ་གཏེར་ཆེན་ཡི་དམ་ཞི་ཁྲོའི་བདག །འཕྲིན་ལས་ཐོགས་མེད་དཔའ་བོ་མཁའ་འགྲོའི་གཙོ། །ཀུན་འདུས་ནོར་བུའི་ཅོད་པཎ་ཁྱོད་ལས་སུ། ༼༨༽ །དེ་ཕྱིར་མཐའ་མེད་སྲིད་པའི་ཚང་ཚིང་དུ། །ལས་སྨོན་འཐོར་རླུང་ཤུགས་ཀྱིས་བདས་གྱུར་ཀྱང་། །ཐེག་མཆོག་བཤེས་གཉེན་རྒྱན་ཁྱོད་མ་བྲལ་ན། །ཕོངས་པའི་སྐབས་མེད་ལེགས་དགུའི་དཔལ་གྱིས་བགྲོད།༼༩༽།དེས་ན་ཆུ་ཡི་ཟླ་བའི་རྗེས་འགྲོ་བའི། །སྤྲུལ་བའི་དགེ་སྦྱོང་སྐྱོན་བྲལ་ཡོན་ཏན་གཏེར། །ཁྱོད་སྐུ་མིག་དང་ཁྱོད་གསུང་རྣ་བའི་རྒྱན། །ཁྱོད་ཐུགས་ཡིད་དང་ནམ་ཡང་འབྲལ་མེད་ཤོག ༼༡༠༽ །ཁྱོད་ཀྱི་ངོ་མཚར་སྒྱུ་མའི་རྣམ་ཐར་འབུམ། །དྭངས་པའི་མེ་ལོང་ངོས་ལ་གཟུགས་བརྙན་བཞིན། །ཚེ་རབས་ཕྲེང་བར་ཡིད་ཀྱི་ཉེར་འཚོ་རུ། །བཀོད་དེ་དད་པའི་དབང་པོ་བརྟས་པར་ཤོག ༼༡༡༽ །སྲིད་འདིར་སེམས་ཅན་གཅིག་ཀྱང་མི་གནས་པར། །ཁྱོད་ཀྱི་གཞན་ཕན་མཛད་པའི་གངྒའི་འགྲོས། །ཆད་པ་མེད་པ་དེ་སྲིད་བདག་གིས་ཀྱང་། །མཉེས་པ་ཁོ་ན་སྒྲུབ་པའི་བྲན་བགྱིད་ཤོག ༼༡༢༽ །དཀོན་ བླ་བསྟོད་དད་པའི་མེ་ཏོག་བསྐྲུན་པའི་རྫིང་བུ།མཆོག་མཐུ་དང་བསླུ་མེད་རྟེན་འབྲེལ་ལས། །ཇི་ལྟར་བསམ་པའི་དད་པའི་སྟོབས་འཕེལ་ཞིང་། །ཇི་ལྟར་སྨོན་པའི་དོན་ཆེན་ལེགས་གྲུབ་ནས། །བླ་མའི་རྣལ་འབྱོར་ཟབ་མོས་འདའ་བར་ཤོག ༼༡༣༽ །ཅེས་དུས་གསུམ་རྒྱལ་བའི་ངོ་བོ་བཀའ་དྲིན་མཚུངས་མེད་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དོན་ཀྱི་སླད་དུ་མཚན་ནས་སྨོས་ཏེ། ༧འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་ཞབས་ལ་བསྟོད་པ་དད་པའི་མེ་ཏོག་བསྐྲུན་པའི་རྫིང་བུ་ཞེས་བྱ་བ་འདི་ནི། མགོན་པོ་དེ་ཉིད་ཀྱིས་ཐུགས་བརྩེ་བས་བསྐྱངས་ཡང་ཡོན་ཏན་གྱི་དྲི་མ་འགོ་བའི་བཙུན་གཟུགས་དྷརྨ་སཱ་རཿ རང་གི་དད་པ་འཕེལ་ཆེད་དུ་བསྒྲིགས་པ་དགེ་ལེགས་འཕེལ།། 

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།